Degé Kangyur volume 27, F.233.b

བའི་སླད་དུ། དེ་ཇི་ལྟ་ཇི་ལྟར་རྒྱ་མཚོ་ཆེན་པོ་དང་ཉེ་བར་མཆིས་པ་དེ་ལྟ་དེ་ལྟར་ལྡུམ་བུ་འམ་ལྡུམ་བུའི་མཚན་མའམ། རིའམ། རིའི་མཚན་མ་མཐོང་ན། དེས་འདི་ནས་རྒྱ་མཚོ་ཆེན་པོ་ཐག་ཉེ་སྟེ། འདི་ནས་རྒྱ་མཚོ་ཆེན་པོ་རིང་པོ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རྒྱ་མཚོ་ཆེན་པོ་ནི་བགས་ཀྱིས་གཞོལ་བ་སྟེ། འདི་ནས་རྒྱ་མཚོ་ཆེན་པོའི་དྲུང་དུ་ད་ནི་རིང་པོ་མེད་དོ། །​དེ་དང་ཉེ་བ་ན་ནི་ལྡུམ་བུ་འམ། ལྡུམ་བུའི་མཚན་མ་འམ། རི་འམ་རིའི་མཚན་མ་གང་ཡང་མེད་དོ་ཞེས་བགྱི་བར་རིག་གོ། དེ་ལྟར་སྐྱེས་བུ་དེའི་མིག་གི་རྒྱ་མཚོ་ཆེན་པོ་མ་མཐོང་དུ་ལགས་ཀྱང་། དེས་བདག་ནི་རྒྱ་མཚོ་ཆེན་པོ་དང་ཉེ་བར་གྱུར་ཏོ། །​རྒྱ་མཚོ་ཆེན་པོ་ནི་འདི་ན་ཡོད་དོ། །​རྒྱ་མཚོ་ཆེན་པོ་ནི་འདི་ཕན་ཆད་མི་རིང་ངོ་ཞེས་བགྱི་བར་རྟོགས་པར་འཚལ་ཏོ། །​བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་འཛིན་པ་དང་། འཆང་ཞིང་ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་། བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཁྱོད་བསྐལ་པ་ནི་འདི་སྙེད་ཅིག །​བསྐལ་པ་བརྒྱ་ཕྲག་ནི་འདི་སྙེད་ཅིག །​བསྐལ་པ་སྟོང་ཕྲག་ནི་འདི་སྙེད་ཅིག །​བསྐལ་པ་བརྒྱ་སྟོང་གི་ཕྲག་ནི་འདི་སྙེད་ཅིག །​བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཕྲག་ནི་འདི་སྙེད་ཅིག་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་སུམ་དུ་ལུང་བསྟན་པས་ད་དུང་ལུང་མ་བསྟན་གྱིས་ཀྱང་། བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་ཉེ་བར་གནས་པར་བལྟའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་བདག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་དུ་ཡོད་ལ་མཉན་དུ་ཡོད་དོ། །​ཐོས་ནས་ཀྱང་གཟུང་དུ་ཡོད་དོ། །​བཅད་དུ་ཡོད། ཀླག་དུ་ཡོད། ཀུན་ཆུབ་པར་བྱར་ཡོད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7841#UT22084-026-001-7841