Degé Kangyur volume 27, F.161.a

སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ནམ་འཚོའི་བར་དུ་ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་རྩི་དང་། ཡོ་བྱད་མང་པོ་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། དེ་དག་གི་རིང་བསྲེལ་ལ་ཉིན་མཚན་དུ་མེ་ཏོག་དང་ཕྲེང་བ་དང་སྤོས་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱ་བ་དང་བཀུར་སྟིར་བྱ་བ་དང་བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱ་བའི་དོན་དུ་ཉམས་སུ་ལེན་ཅིང་། དེ་དམིགས་པའི་ཚུལ་གྱིས། ཚུལ་ཁྲིམས་སྲུང་བ་དང་། དེ་དམིགས་པའི་ཚུལ་གྱིས་བཟོད་པ་བསྒོམ་པ་དང་། དེ་དམིགས་པའི་ཚུལ་གྱིས་བརྩོན་འགྲུས་རྩོམ་པ་དང་། དེ་དམིགས་པའི་ཚུལ་གྱིས་བསམ་གཏན་ལ་སྙོམས་པར་འཇུག་པ་དང་། དེ་དམིགས་པའི་ཚུལ་གྱིས་ཤེས་རབ་སྒོམ་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་གང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སྤྱོད་པའི་ཚེ། ཐབས་མཁས་པས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། བསོད་ནམས་མངོན་པར་འདུ་བྱ་བ་དང་། དགེ་བ་མངོན་པར་འདུ་བྱ་བ་འདི་ལ་ནི། བསོད་ནམས་མངོན་པར་འདུ་བྱ་བ་སྔ་མས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། རྒྱུའི་བར་དུ་ཡང་མི་བཟོད་དེ། ཡོངས་སུ་བསྔོ་བ་དེ་ཉིད་རབ་ཅེས་བྱའོ། །​གོང་ན་མེད་པའི་བར་ཞེས་བྱའོ། །​རབ་འབྱོར་དེ་ལྟར་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7696#UT22084-026-001-7696