Degé Kangyur volume 27, F.160.b

གི་ཉན་ཐོས་རྣམས་དང་། ཉན་ཐོས་དེ་དག་གི་ཡོངས་སུ་མྱ་ངན་ལས་འདས་པའོ། །​རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་རང་སངས་རྒྱས་རྣམས་དང་། རང་སངས་རྒྱས་དེ་དག་གི་ཡོངས་སུ་མྱ་ངན་ལས་འདས་པའོ། །​རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཆོས་ཉིད་དོ། །​རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་ཉན་ཐོས་དང་། རང་སངས་རྒྱས་དེ་དག་གི་ཆོས་ཉིད་དོ། །​རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས། དེ་ལྟར་ཆོས་མ་ཆགས་པ་དང་། མ་བཅིངས་པ་དང་། མ་གྲོལ་བ་དང་། མ་ཞེན་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པ་རྣམས་ཀྱི་ཆོས་ཉིད་དང་། ཆོས་མ་སྐྱེས་པ་དང་ཡོངས་སུ་མ་སྐྱེས་པ་དང་། མ་བྱུང་བ་དང་མ་འགགས་པའི་ཆོས་ཉིད་ཇི་ལྟ་བ་དེ་བཞིན་དུ་འཕོ་བ་མེད་པ་དང་། འཇིག་པ་མེད་པ་ཉེ་བར་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྗེས་སུ་ཡི་རང་བའི་རབ་བོ། །​རྗེས་སུ་ཡི་རང་བའི་མི་མཉམ་པ་དང་མཉམ་པའི་བར་རོ། །​རབ་འབྱོར་རྗེས་སུ་ཡི་རང་བ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །​རབ་འབྱོར་གཞན་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པ་དང་། ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ལ། བྱང་ཆུབ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7695#UT22084-026-001-7695