Degé Kangyur volume 27, F.157.a

པ་ལྔ་དང་ལྡན་པར་གྱུར་པ་དེ་དག་ནི་དམིགས་པའི་འདུ་ཤེས་ཅན་ནོ། །​དེ་ལྟར་སེམས་ཅན་ཐམས་ཅད་རྒྱུན་ཏུ་ཞུགས་པར་གྱུར་པ་དང་། སེམས་ཅན་ཐམས་ཅད་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པར་གྱུར་པ་དང་། སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་གྱུར་པ་དེ་དག་ལ་གོས་དང་། བསོད་སྙོམས་དང་། མལ་ཆ་དང་ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཀྱང་དམིགས་པའི་འདུ་ཤེས་ཅན་ནོ། །​དེ་ནས་རྒྱལ་པོ་ཆེན་པོ་བཞི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་སྟོང་ཕྲག་ཉི་ཤུ་དང་འགྲོགས་ཏེ་ཐལ་མོ་སྦྱར་ནས་དགའ་བའི་ཡིད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །​ཀྱེ་མ་བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐབས་མཁས་པས། དམིགས་སུ་མ་མཆིས་པའི་ཚུལ་དང་། ཆགས་པ་མ་མཆིས་པའི་ཚུལ་དང་། མཚན་མ་མ་མཆིས་པའི་ཚུལ་དང་། བགྱིད་པ་མ་མཆིས་པའི་ཚུལ་གྱིས། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་། ཅི་ནས་ཀྱང་གཉིས་སུ་མི་འགྱུར་བ་དང་གཉིས་མ་ལགས་པར་ཡང་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ཤིན་ཏུ་ཆེའོ། །​དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་སྟོང་ཕྲག་དུ་མ་དང་འགྲོགས་ཏེ། ལྷ་རྫས་ཀྱི་མེ་ཏོག་དང་ཕྲེང་བ་དང་སྤོས་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་། གདུགས་དང་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་མང་པོ་ཐོགས་ཏེ། ལྷ་རྫས་ཀྱི་རོལ་མོ་བྱེད་ཅིང་། ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་སྤོས་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་། གདུགས་དང་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དེ་དག་གིས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། འདི་སྐད་ཀྱི་ཚིག་བརྗོད་དོ། །​བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7688#UT22084-026-001-7688