Degé Kangyur volume 27, F.156.b

དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །​བདེ་བར་གཤེགས་པ་མང་ངོ་། །​བཅོམ་ལྡན་འདས་དེ་ནི་ཚད་མ་མ་མཆིས། གྲངས་མ་མཆིས། དཔག་ཏུ་མ་མཆིས་ཏེ། བཅོམ་ལྡན་འདས་བསོད་ནམས་བགྱི་བའི་དངོས་པོ་དེའི་དཔེ་བགྱི་བར་ཡང་དཀའོ། །​བཅོམ་ལྡན་འདས་གལ་ཏེ་བསོད་ནམས་བགྱི་བའི་དངོས་པོ་དེ་ལ། གཟུགས་མཆིས་སུ་ལགས་ན་ནི། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་ཤོང་བར་མི་འགྱུར་རོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་ས་ལེགས་སོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ། །​རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དགེ་བའི་རྩ་བ་རྣམས་ཆགས་པ་མེད་པའི་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ཏེ། རབ་འབྱོར་དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་འདི་ནི་རབ་ཅེས་བྱའོ། །​གཙོ་བོ་ཞེས་བྱའོ། །​དམ་པ་ཞེས་བྱའོ། །​ཕུལ་ཞེས་བྱའོ། མཆོག་ཅེས་བྱའོ། གྱ་ནོམ་པ་ཞེས་བྱའོ། བླ་ན་མེད་པ་ཞེས་བྱའོ། གོང་ན་མེད་པ་ཞེས་བྱའོ། །​རབ་འབྱོར་ཆགས་པ་མེད་པའི་ཡོངས་སུ་བསྔོ་བ་འདི་ལ་དགེ་བའི་རྩ་བ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །​སྟོང་གི་ཆ་དང་བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་། གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་མི་བཟོད་དོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་པ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7687#UT22084-026-001-7687