Degé Kangyur volume 27, F.155.b

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དགེ་བའི་རྩ་བ་རྣམས་ཆགས་པ་མེད་པར་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོས་པའི་བསོད་ནམས་ནི་ཆེས་མང་དུ་འཕེལ་ལོ། །​རབ་འབྱོར་དེ་ལྟར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དེ་ནི་རབ་ཞེས་བྱའོ། །​གཙོ་བོ་ཞེས་བྱའོ། །​དམ་པ་ཞེས་བྱའོ། །​ཕུལ་ཞེས་བྱའོ། །​མཆོག་ཅེས་བྱའོ། །​གྱ་ནོམ་པ་ཞེས་བྱའོ། །​བླ་ན་མེད་པ་ཞེས་བྱའོ། །​གོང་ན་མེད་པ་ཞེས་བྱའོ། །​རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རྒྱུན་ཏུ་ཞུགས་པར་གྱུར། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པར་གྱུར་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། སེམས་ཅན་རྒྱུན་ཏུ་ཞུགས་པར་གྱུར་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པར་གྱུར་པ་དེ་དག་ཐམས་ཅད་ལ་ནམ་འཚོའི་བར་དུ་གོས་དང་། བསོད་སྙོམས་དང་། མལ་ཆ་དང་ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །​བདེ་བར་གཤེགས་པ་མང་ངོ་། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དགེ་བའི་རྩ་བ་རྣམས་ཆགས་པ་མེད་པར་ཡོངས་སུ་བསྔོ་བས། ཡོངས་སུ་བསྔོ་བའི་བསོད་ནམས་ནི་ཆེས་མང་དུ་འཕེལ་ལོ། །​རབ་འབྱོར་དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དེ་ནི་རབ་ཅེས་བྱའོ། །​གཙོ་བོ་ཞེས་བྱའོ། །​དམ་པ་ཞེས་བྱའོ། །​ཕུལ་ཞེས་བྱའོ། །​མཆོག་ཅེས་བྱའོ། །​གྱ་ནོམ་པ་ཞེས་བྱའོ། །​བླ་ན་མེད་པ་ཞེས་བྱའོ། །​གོང་ན་མེད་པ་ཞེས་བྱའོ། །​རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རང་སངས་རྒྱས་སུ་གྱུར་ཏེ། དེ་ལ་རིགས་ཀྱི་བུའམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7685#UT22084-026-001-7685