Degé Kangyur volume 27, F.155.a

བཅས་པའི་ཕྱིར་རོ། །​གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་ཉིད་འདིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བར་བྱ་སྟེ། དེ་ལྟར་ཡོངས་སུ་བསྔོས་ནས་ཡོངས་སུ་བསྔོ་བའི་རབ་ཏུ་འགྱུར་རོ་ཞེས་བྱ་བར་ཐུགས་སུ་ཆུད་པ་དེ་བཞིན་དུ་བདག་གིས་ཀྱང་ཆོས་ཉིད་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱའོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ལེགས་སོ། ལེགས་སོ། །​རབ་འབྱོར་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བའི་ཕུང་པོ་མཚན་མ་མེད་པའི་ཚུལ་དང་། དམིགས་པའི་མེད་པའི་ཚུལ་དང་། སྐྱེ་བ་མེད་པའི་ཚུལ་དང་། འགགས་པ་མེད་པའི་ཚུལ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་ཚུལ་དང་། རྣམ་པར་བྱང་བ་མེད་པའི་ཚུལ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཚུལ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཚུལ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་དང་། དེ་བཞིན་ཉིད་ཀྱི་ཚུལ་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཚུལ་གྱིས་སྟོན་པ་ནི། རབ་འབྱོར་ཁྱོད་སྟོན་པའི་བྱ་བ་བྱེད་པ་ཡིན་ནོ། །​རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ཐོབ་པར་གྱུར། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ཅན་དེ་དག་གིས་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། བདེ་བར་གཤེགས་པ་མང་ངོ་། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7684#UT22084-026-001-7684