Degé Kangyur volume 101, F.76.a

།བཅོམ་ལྡན་འདས་སངས་རྒྱས་ཀྱི་སྙིང་པོ་ཞེས་བགྱི་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་སླད་མའི་དུས་ན་འཁོར་བཞི་རྣམས་ལ་ཕྱི་བཤོལ་མ་མཆིས་པ་དང་། མི་བསྐྱུད་པར་བསྟན་པར་བགྱི། བཤད་པར་བགྱིའོ། །​རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་ཡང་ངེས་པར་བསྟན་པར་བགྱི་ཞིང་བསྒྲག་པར་བགྱིའོ། །​དེས་ན་དེ་བཞིན་གཤེགས་པའི་བཀའ་ལུང་དང་མཐུན་པར་འགྱུར། བདག་ཅག་གིས་དེ་བཞིན་གཤེགས་པའི་དམ་པའི་ཆོས་ཡོངས་སུ་གཟུང་བར་འགྱུར། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་ཡང་དོན་ཆེན་པོ་དང་། ཕན་པའི་དངོས་པོ་ཆེན་པོར་འགྱུར་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེའི་ཕྱིར་ཇི་སྐད་སྨྲས་པ་དེ་བཞིན་དུ་གྱིས་ཤིག །​འདི་ནི་ཁྱེད་ལ་རྗེས་སུ་བསྟན་པའོ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དབང་ཕྱུག་ཆེན་པོ་དཀའ་ཐུབ་བཟང་པོ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །​འཕགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།​། །​།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།​། །​།༄༅། །​རྒྱ་གར་སྐད་དུ། ཨཱརྱ་སརྦ་བུད་དྷཱ་དྒ་བ་ཏཱི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གང་གཱའི་ཀླུང་ཆེན་པོའི་འགྲམ་ན་འཇིག་རྟེན་སྐྱོང་བ་བཞི་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་རྣམ་ཐོས་ཀྱི་བུ་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh855.html?part=UT22084-088-009-52#UT22084-088-009-52