Degé Kangyur volume 101, F.20.b
།ཤིན་ཏུ་བློ་ལྡན་རྟོག་བྲལ་རྣམ་རྟོག་མེད། །འཇིག་རྟེན་ལྷ་དང་བཅས་པས་དབྱེར་མི་ཕྱེད། །སངས་རྒྱས་ཆོས་དང་བྱང་ཆུབ་སེམས་དཔའ་དང་། །སྤྱོད་པའི་བསྔགས་དང་བསྔགས་པ་མ་ཡིན་དང་། །སེམས་ཅན་ཆུང་ངམ་ཡང་ན་ཆེའོ་ཞེས། །ཐོས་པར་གྱུར་ཀྱང་བསམ་ལས་ནུར་བ་མེད། །སེམས་ཅན་ཉོན་མོངས་ཅན་ནམ་རྣམ་དག་གམ། །གདུལ་སླ་ཞེའམ་གདུལ་བར་དཀའ་ཞེའམ། །ཆོས་དབྱིངས་ཆུང་ཞེའམ་ཡང་ན་རྒྱ་ཆེ་ཞེའམ། །འཇིག་པར་འགྱུར་ཞེའམ་འཆགས་པར་འགྱུར་ཞེའམ། །ཆོས་དབྱིངས་ཡོད་ཅེའམ་མེད་ཅེས་ཐོས་གྱུར་ཀྱང་། །དུས་གསུམ་རྟོགས་པའི་བྱང་ཆུབ་སེམས་དཔའ་དེ། །ངེས་པར་སེམས་ཤིང་ཐམས་ཅད་རྣམ་དཔྱོད་དེ། །སངས་རྒྱས་ཆོས་འདིར་བསམ་པ་ཤིན་དུ་ངེས། །མཚན་མ་མེད་དང་མཚན་ཉིད་མེད་པ་དང་། །དངོས་མེད་རང་བཞིན་བརྫུན་ཞིང་དབེན་པ་དང་། །སྒྱུ་མའི་རང་བཞིན་མིག་ཡོར་འདྲ་བ་ཡི། །ཆོས་མཆོག་ཞི་བ་འདི་འདྲ་ཉན་པར་བྱེད། །དེ་ལྟར་མི་ལྡོག་བྱང་ཆུབ་སེམས་དཔའ་ནི། །སངས་རྒྱས་ཆོས་དང་བྱང་ཆུབ་སེམས་དཔའ་དང་། །སྤྱོད་པ་ཡོད་དམ་མེད་ཅེས་ངེས་པར་དཔྱོད། །འབྱུང་ངམ་མི་འབྱུང་ཞེ་ནའང་ཕྱིར་མི་ལྡོག །དེ་བཞིན་གཤེགས་པ་འདས་ཤེའམ་མ་འདས་ཤེའམ། །མ་བྱོན་ཅེའམ་མ་བྱོན་མ་ཡིན་ཞེའམ། །བྱུང་ངམ་མ་བྱུང་ཟད་དམ་མི་ཟད་དམ། །དེ་བཞིན་མཚན་ཉིད་གཅིག་གམ་མཚན་ཉིད་མེད། །གཅིག་དང་ཐ་དད་རྣམ་པ་མང་པོ་དང་། །དོན་དམ་ཚིག་འབྲུ་དངོས་དང་དངོས་མེད་པ། །ཐམས་ཅད་སྒྲོ་བཏགས་རྣམ་པ་གཞན་ཉིད་དུ། །མི་ལྡོག་བྱང་ཆུབ་སེམས་དཔའ་ཡིད་ཆེས་བྱེད། །མཚན་མ་མེད་དང་མཚན་མ་ཡོད་པ་དང་། །མཚན་ཉིད་མེད་དང་མཚན་གྱིས་མཚོན་པ་དང་། །རྣམ་པར་ཕྱེ་བ་ཕན་ཚུན་སྦྱར་བ་རྣམས། །ཐོས་ནས་འདི་ལ་མཐར་ཐུག་འཇུག་པར་བྱེད། །གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །འབྲས་བུ་ཡོད་པའི་ལས་རྣམས་བྱེད་འགྱུར་ཞིང་། །ཇི་ལྟར་འདོད་བཞིན་འདིར་ནི་སྐྱེ་བ་སྟོན།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh847.html?part=UT22084-057-004-2634#UT22084-057-004-2634