Degé Kangyur volume 25, folio 389b

བུའི་ཆོས་གང་ཡང་དམྱིགས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་བས་ན་རྣམ་གྲངས་དེས་འདི་ལྟར་རིག་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ཡང་སོ་སོའི་སྐྱེ་བོ་མྱེད། སོ་སོའི་སྐྱེ་བོ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་དད་པའི་རྗེས་སུ་འབྲང་བ་མྱེད། དད་པའི་རྗེས་སུ་འབྲང་བ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་ཆོས་ཀྱི་རྗེས་སུ་འབྲང་བ་མྱེད། ཆོས་ཀྱི་རྗེས་སུ་འབྲང་བ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་བརྒྱད་པ་མྱེད། བརྒྱད་པ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་རྒྱུན་ཏུ་ཞུགས་པ་མྱེད། རྒྱུན་ཏུ་ཞུགས་པ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་ལན་ཅིག་ཕྱིར་འོང་བ་མྱེད། ལན་ཅིག་ཕྱིར་འོང་བ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་ཕྱིར་མྱི་འོང་བ་མྱེད། ཕྱིར་མྱི་འོང་བ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་དགྲ་བཅོམ་པ་མྱེད། དགྲ་བཅོམ་པ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་རང་སངས་རྒྱས་མྱེད། རང་སངས་རྒྱས་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་བྱང་ཆུབ་སེམས་དཔའ་མྱེད། བྱང་ཆུབ་སེམས་དཔའ་ལས་གུད་ན་ཡང་དེ་མྱེད། དེ་ལ་ཡང་དེ་བཞིན་གཤེགས་པ་མྱེད། དེ་བཞིན་གཤེགས་པ་ལས་གུད་ན་ཡང་དེ་མྱེད་པར་རིག་པར་བྱའོ། །​གསོལ་པ། ཆོས་ཉིད་དེ་འདུས་བགྱིས་པ་ལགས་སམ། འདུས་མ་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ཏེ། འདུས་བྱས་ལས་གུད་ན་ཡང་འདུས་མ་བྱས་དམྱིགས་སུ་མྱེད་དེ། །​འདུས་མ་བྱས་ལས་གུད་ན་ཡང་འདུས་བྱས་དམྱིགས་སུ་མྱེད་དེ། རབ་འབྱོར་དེ་ལྟར་འདུས་བྱས་ཀྱི་ཁམས་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཁམས་གང་ཡིན་པའི་ཆོས་དེ་གཉིས་ཀ་ཡང་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་མྱེད་པ་བསྟན་དུ་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །