Degé Kangyur volume 25, folio 384b

ཞུགས་ནས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་བགྱིད་པ་ལགས། ཇི་ལྟར་མངོན་པར་ཤེས་པས་རྣམ་པར་རྩེ་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བ་དང་། བརྩོན་འགྲུས་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཡོངས་སུ་རྫོགས་པར་བགྱི་བ་དང་། བསམ་གཏན་གྱི་ཕ་རོལད་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བ་དང་། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཡོངས་སུ་རྫོགས་པར་བགྱི་བ་དང་། དེ་དག་ལ་རྣམ་པར་རྩེ་བས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བ་ལགས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིད་པ་ལགས། དེ་དག་ཏུ་ཡང་དགེ་བའི་རྩ་བ་སྐྱེད་པ་ལགས། དགེ་བའི་རྩ་བ་དེས་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོརད་གང་འདི་སྐད་དུ་དེ་སྟེ། ཆོས་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དེ་ཉིད་སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་མཉམ་པ་ཉིད་དེ། དེ་ཉིད་དད་པའི་རྗེས་སུ་འབྲང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་བརྒྱད་པ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་རྒྱུན་ཏུ་ཞུས་པ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ལན་ཅིག་ཕྱིར་འོང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ཕྱིར་མྱི་འོང་བ་རྣམས་ཀྱི་ཆོས་