Degé Kangyur volume 14, F.239.a

འདས་རྣམས་བལྟ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །​སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས་ཀྱང་དགེ་བའི་རྩ་བ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པའི་དགེ་བའི་རྩ་བ་དེ་དག་ཀྱང་མངོན་པར་འབྱུང་བར་འགྱུར་ཏེ། དགེ་བའི་རྩ་བ་དེ་དག་གིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དྲུང་དུ་སྐྱེ་བར་འགྱུར་རོ། །​སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཀྱང་ཐོས་པར་འགྱུར་ཏེ། ཇི་སྐད་དུ་ཐོས་པའི་ཆོས་དེ་དག་ཀྱང་། ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱི་བར་དུ་རྒྱུན་ཆད་པར་མྱི་འགྱུར་རོ། །​གཟུངས་ཀྱི་སྒོ་རྣམས་ཀྱང་ཐོབ་པར་འགྱུར་རོ། །​ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་ཐོབ་པར་འགྱུར་རོ། །​རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མྱིང་དང་བརྡར་བྱ་བའི་ཆོས་སུ་གདགས་པ་རྣམས་དེ་ལྟར་ཁོང་དུ་ཆུད་པར་བྱའོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དྲུག་པ། །​རབ་འབྱོར་གང་ཡང་ཁྱོད་ཀྱིས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་ན་ཞེས་སྨྲས་པ་དེ་ལ་རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མ་མ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6341#UT22084-014-001-6341