Degé Kangyur volume 14, F.238.b

བཞི་ལ་ཆགས་པར་འགྱུར་བ་མྱེད་དོ། །​སོ་སོ་ཡང་དག་པར་རིག་པ་བཞི་ལ་ཆགས་པར་འགྱུར་བ་མེད་དོ། །​བྱམས་པ་ཆེན་པོ་ལ་ཆགས་པར་འགྱུར་བ་མེད་དོ། །​སྙིང་རྗེ་ཆེན་པོ་ལ་ཆགས་པར་འགྱུར་བ་མེད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཆགས་པར་འགྱུར་བ་མེད་དོ། །​དེ་བཞིན་ཉིད་ལ་ཆགས་པར་འགྱུར་བ་མྱེད་དོ། །​ཡང་དག་པའི་མཐའ་ལ་ཆགས་པར་འགྱུར་བ་མེད་དོ། །​ཆོས་ཀྱི་དབྱིངས་ལ་ཆགས་པར་འགྱུར་བ་མྱེད་དོ། །​སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཆགས་པར་འགྱུར་བ་མེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་ཆགས་པར་འགྱུར་བ་མྱེད་དོ། །​ཐབས་མཁས་པ་ལ་ཆགས་པར་འགྱུར་བ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ཆགས་པར་བྱེད་པ་འམ། །​གང་གིས་ཆགས་པར་བྱ་བ་འམ། གང་ལ་ཆགས་པར་བྱ་བ་དེ་ལྟ་བུའི་ཆོས་ཐམས་ཅད་མྱེད་པའི་ཕྱིར་རོ། །​རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །​བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཡང་དག་པར་འཇུག་པར་འགྱུར་རོ། །​ཕྱིར་མྱི་ལྡོག་པའི་ས་ཡོངས་སུ་གནོན་པར་འགྱུར་རོ། །​མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །​མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་བྱས་ནས་ཀྱང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སངས་རྒྱས་བཅོམ་ལྡན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6340#UT22084-014-001-6340