Degé Kangyur volume 14, F.183.b

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱིག་དེ་དང་ལྡན་པས། རྣམ་པ་ཐམས་ཅད་དུ་མ་མཐོང་བ་འམ། མ་ཐོས་པ་འམ། མ་ཤེས་པ་འམ། ཁོང་དུ་མ་ཆུད་པ་གང་ཡང་མེད་དེ། ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའི་སངས་རྒྱས་ཀྱི་མྱིག་ཡོངས་སུ་དག་པའོ། །​ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱིག་ལྔ་ཡོངས་སུ་སྦྱང་བར་འདོད་པ་དང་། ཐོབ་པར་འདོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ། །​ཤ་ར་དྭ་ཏིའི་བུ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་དགེ་བའི་ཆོས་ཐམས་ཅད་མ་འདུས་པ་མྱེད་དེ། ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མ་འདུས་པ་མེད་དོ། །​ཤ་ར་དྭ་ཏིའི་བུ་ལ་ལ་ཞིག་ཡང་དག་པར་སྨྲ་བས། དགེ་བའི་ཆོས་ཐམས་ཅད་འདུས་ཞེས་བརྗོད་པ་ཞིག་ཏུ་དགོས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་སྨྲ་བས་བརྗོད་དོ། །​དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིག་ལྔ་སྐྱེད་པའོ། །​མིག་ལྔ་པོ་དེ་དག་ལ་བསླབས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །​ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་འཐོབ་སྟེ། དེ་རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ། །​དེ་ནི་ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་བར་བྱེད་དོ། །​གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་རོ། །​མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་རོ། །​སྣང་བ་དང་། མི་སྣང་བ་ཡང་ཉམས་སུ་མྱོང་བར་བྱེད་དོ། །​རྩེག་པ་ལས་ཐལ་བ་དང་། རབ་ལས་ཐལ་བ་དང་། རི་ལས་ཐལ་བར་ཐོགས་པ་མེད་པའི་ལུས་ཀྱིས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6231#UT22084-014-001-6231