Degé Kangyur volume 14, F.183.a

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་འོད་དང་དབྱངས་དང་དགེ་སློང་གི་དགེ་འདུན་ནི་ཚད་མེད་པར་འགྱུར་རོ། །​འདི་ནི་ཚད་ཡོད་པར་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པར་འགྱུར་རོ། །​འདི་ནི་ལྡན་པར་མི་འགྱུར་རོ། །​འདི་ནི་དཀའ་བ་སྤྱོད་པར་འགྱུར་རོ། །​འདི་ནི་སྤྱོད་པར་མི་འགྱུར་རོ། །​འདི་ནི་སྲིད་པ་ཐ་མ་པའོ། །​འདི་ནི་སྲིད་པ་ཐ་མ་པ་མ་ཡིན་ནོ། །​འདི་ནི་སྙིང་པོ་བྱང་ཆུབ་ལ་འདུག་པར་འགྱུར་རོ། །​འདི་ནི་འདུག་པར་མྱི་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ལ་ནི་བདུད་ཡོད་པར་མི་འགྱུར་རོ། །​འདི་དག་ལ་ནི་བདུད་ཡོད་པར་འགྱུར་རོ། །​ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེ་ལྟར་ན་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མྱིག་ཡོངས་སུ་དག་པ་ཡིན་ནོ། །​གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དེ། །​དེ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པ་ཡིན། མི་འཇིགས་པ་བཞི་དང་ལྡན་པ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ། བཅྭོ་བརྒྱད་དང་ལྡན་པ་ཡིན། བྱམས་པ་ཆེན་པོ་དང་ལྡན་པ་ཡིན། སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན། དགའ་བ་ཆེན་པོ་དང་ལྡན་པ་ཡིན། བཏང་སྙོམས་ཆེན་པོ་དང་ལྡན་པ་ཡིན། སངས་རྒྱས་ཀྱི་རྣམ་པར་ཐར་པ་བསྒྲིབས་པ་མེད་པ་དང་ལྡན་པ་ཡིན། དེ་ནི་དེའི་མྱིག་སྟེ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6230#UT22084-014-001-6230