Degé Kangyur volume 14, F.169.b

སེམས་དཔའ་ཆེན་པོ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་བྱས་ཏེ། དབང་པོ་གསལ་ཞིང་ལུས་ཡོངས་སུ་དག་པ་དང་། ལྡན་པར་གྱུར་ནས། དེ་དག་ལུས་ཡོངས་སུ་དག་པ་དེ་དག་གིས་སྐྱེ་བོ་མང་པོའི་དགའ་བ་དང་། མོས་པ་སྐྱེད་དེ། དེ་དག་འགྲོ་བ་མང་པོའི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་དང་། སེམས་ཅན་དེ་དག་ཀྱང་སེམས་མོས་པར་གྱུར་པའི་དགེ་བའི་རྩ་བ་དེ་ཉིད་ཀྱིས། མཐར་ཀྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དག་ཀྱང་ཡོད་དོ། །​ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་ཡོངས་སུ་དག་པ་ལ་བསླབ་པར་བྱའོ། །ངག་ཡོངས་སུ་དག་པ་ལ་བསླབ་པར་བྱའོ། །​ཡིད་ཡོངས་སུ་དག་པ་ལ་བསླབ་པར་བྱའོ། །​ཤ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དེ་དག་དབང་པོ་ཤིན་ཏུ་གསལ་བ་ཐོབ་ནས། དེ་དག་དབང་པོ་ཤིན་ཏུ་གསལ་བ་དེ་དག་གིས། བདག་མི་སྟོད་ཅིང་། གཞན་མི་སྨོད་པ་དག་ཀྱང་ཡོད་དོ། །​ཤ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཅད། སྦྱིན་པའི་ཕ་རོལད་ཏུ་ཕྱི་ནད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིན་དཔལ་གནས་ཤིང་། ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་དུ་ནམ་ཡང་དབུལ་བར་མི་འགྱུར་ཞིང་། ལོག་པར་མི་འགྲོ་བ་དང་། ངན་སོང་དུ་མི་ལྟུང་བ་དག་ཀྱང་ཡོད་དོ། །​ཤ་ར་དྭ་ཏིའི་བུ། འདི་ལྟར་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དང་པོ་སེམས་བསྐྱེད་ཕྱིན་ཅད། ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་དུ་ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་མི་གཏོང་བ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6203#UT22084-014-001-6203