Degé Kangyur volume 14, F.169.a

སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ། ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ། །​སྟེང་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དོང་ཞིང་། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང་། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དག་ཀྱང་ཡོད་དོ། །​ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསམ་གཏན་དང་། གཟུགས་མྱེད་པའི་རོ་རྨྱོངས་ནས་ཚངས་རིས་ནས། དགེ་རྒྱས་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བ་དག་ཀྱང་ཡོད་དོ། །​དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས། སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་འགྱུར་རོ། །​དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེ་བར་འགྱུར་རོ། །​ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཐོབ་པར་གྱུར་པ་དེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས། སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་འགྱུར་བ་དག་ཀྱང་ཡོད་དོ། །​དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེ་བར་འགྱུར་རོ། །​ཤ་ར་དྭ་ཏིའི་བུ། འདི་ལྟར་ཡང་། བྱང་ཆུབ་སེམས་དཔའ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6202#UT22084-014-001-6202