Degé Kangyur volume 14, F.162.b

སྐྱེ་སྟེ། དེ་དག་ན་གནས་ཤིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །​སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །​སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མཉེས་པར་བྱེད་དོ། །​ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག །​ཐབས་མཁས་པས། བསམ་གཏན་དང་པོ་ལ་ཡང་སྙོམས་པར་འཇུག །​བསམ་གཏན་གཉིས་པ་ལ་ཡང་སྙོམས་པར་འཇུག །​བསམ་གཏན་གསུམ་པ་ལ་ཡང་སྙོམས་པར་འཇུག། བསམ་གཏན་བཞི་པ་ལ་ཡང་སྙོམས་པར་འཇུག །​བྱམས་པ་ལ་ཡང་སྙོམས་པར་འཇུག །​སྙིང་རྗེ་ལ་ཡང་སྙོམས་པར་འཇུག །​དགའ་བ་ལ་ཡང་སྙོམས་པར་འཇུག །​བཏང་སྙོམས་ལ་ཡང་སྙོམས་པར་འཇུག །​ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །​རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །​ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །​འདུ་ཤེས་མེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག་པ་ཡོད་དེ། དེ་དག་ནི་འདི་ནས་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ། །​དེ་དག་དེ་ན་ཡང་ཚངས་པ་ཚངས་ཆེན་དབང་ཆེན་པོ་དང་ལྡན་པ་བརྒྱ་ཕྲག་བཅུ་ལ་དབང་སྒྱུར་བ་དེ་ལྟ་བུའི་སེམས་ཅན་གྱི་ནང་ན་ཡང་མཆོག་དམ་པ་ཕུལ་དུ་བྱ་བར་འགྱུར་ཏེ། དེ་དག་དེ་ན་འཁོད་ཅིང་གང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མངོན་པར་སངས་རྒྱས་ཤིང་། ཆོས་ཀྱི་འཁོར་ལོ་སྐོར་བ་བཞུགས་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྒྱུ་ཞིང་འདོང་ངོ་། །​དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་གསོལ་བ་གདབ་པ་བྱེད་དོ། །​ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6190#UT22084-014-001-6190