Degé Kangyur volume 17, F.257.a

དམྱིགས། སྦྱིན་པ་མྱི་དམྱིགས། རྣམ་པར་སྨིན་པ་ལ་ཡང་དགའ་བར་མི་བྱེད་དེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་གསུམ་ཡོངས་སུ་དག་པའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་ཞིང་སྦྱིན་པ་དེ་སེམས་ཅན་ཐམས་ཅད་ལ་གཏོང་སྟེ། སེམས་ཅན་དེ་དག་ཀྱང་མྱི་དམྱིགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་། མཚན་མ་ཅུང་ཟད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བ་འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །​ཅིའི་ཕྱིར་ན། འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། །​དེ་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕག་ལ། འདའ་བས་དེའི་ཕྱིར་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དེ། དེ་ལ་འཇིག་རྟེན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་སྲུང་ཞིང་དེ་ཡང་གནས་པས་སྲུང་སྟེ། དེ་འདི་སྙམ་དུ་བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཚུལ་ཁྲིམས་སྲུང་ངོ་། །​འདི་ནི་ཚུལ་ཁྲིམས་སོ། །​བདག་ནི་སངས་རྒྱས་ཀྱི་བཀའ་བཞིན་བྱེད་དོ་ཞེས་དེ་ལྟར་ཚུལ་ཁྲིམས་སྲུང་ཞིང་དམྱིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་། བདག་གི་ཚུལ་ཁྲིམས་ཀྱི་འབྲས་བུ་འདིས། སེམས་ཅན་འདི་དག་ཚེ་འདི་ཉིད་ལ་བདེ་བ་དང་ཉེ་བར་ལེན་པ་མྱེད་པར་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་ཡོངས་སུ་སྔོ་སྟེ། དེ་འདི་ལྟར་བདག་ཏུ་འདུ་ཤེས་པ་དང་། གཞན་དུ་འདུ་ཤེས་པ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10730#UT22084-014-001-10730