Degé Kangyur volume 17, F.256.b

རྒྱལ་སྲིད་འདོད་པ་ལ་ནི་རྒྱལ་སྲིད་ཡོངས་སུ་གཏོང་། མགོ་འདོད་པ་ལ་ནི་མགོ་ཡོངས་སུ་གཏོང་། མྱིག་འདོད་པ་ལ་ནི་མྱིག་ཡོངས་སུ་གཏོང་། ཡན་ལག་དང་ཉིང་ལག་འདོད་པ་ལ་ནི་ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་། ཤ་དང་ཁྲག་དང་རྐང་འདོད་པ་ལ་ནི་ཤ་དང་ཁྲག་དང་རྐང་ཡོངས་སུ་གཏོང་སྟེ། དེ་ཡང་གནས་ཤིང་ཡོངས་སུ་གཏོང་ལ། དེ་འདི་སྙམ་དུ་བདག་ནི་ཡོངས་སུ་གཏོང་བའོ། །​འདི་ནི་ལེན་པའོ། །​འདི་ནི་སྦྱིན་པའོ། །​བདག་ནི་སེར་སྣ་མེད་པའོ། །​བདག་ནི་སྦྱིན་པའི་བདག་པོའོ། །​བདག་ནི་བདོག་པ་ཐམས་ཅད་གཏོང་བའོ། །​བདག་ནི་སངས་རྒྱས་ཀྱི་བཀའ་བཞིན་བྱེད་པའོ། །​བདག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་ཏེ། སྦྱིན་པ་དེ་བྱིན་ནས་ཀྱང་དམྱིགས་པའི་ཚུལ་གྱིས། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་བདག་གི་སྦྱིན་པའི་འབྲས་བུ་འདིས། སེམས་ཅན་འདི་དག་ཚེ་འདི་ཉིད་ལ་བདེ་བ་དང་། ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་ཡོངས་སུ་སྔོ་སྟེ། དེ་ཆགས་པ་གསུམ་ལ་ཆགས་ཤིང་། སྦྱིན་པ་དེ་ཡོངས་སུ་གཏོང་སྟེ། གསུམ་གང་ཞེ་ན། དེ་འདི་ལྟར་བདག་ཏུ་འདུ་ཤེས་པ་དང་། གཞན་དུ་འདུ་ཤེས་པ་དང་། སྦྱིན་པར་འདུ་ཤེས་པ་འདི་གསུམ་ལ་ཆགས་ནས། སྦྱིན་པ་དེ་དག་ཡོངས་སུ་གཏོང་སྟེ། འདི་ནི་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །​ཅིའི་ཕྱིར་ན། འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དེ་ནི་འདི་ལྟར་འཇིག་རྟེན་ལས་མྱི་གཡོ་མྱི་འཕག་མྱི་འདའ་བས་དེའི་ཕྱིར། འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །​དེ་ལ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟར་འཁོར་གསུམ་ཡོངས་སུ་དག་པ་སྟེ། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གཏོང་བའི་ཚེ། བདག་མྱི་དམྱིགས་ལེན་པ་མྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10729#UT22084-014-001-10729