Degé Kangyur volume 17, F.239.b

བས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལྟར་ན་མ་སྐྱེས་པའི་ཆོས་ཀྱིས་འཐོབ་པའམ། འཐོབ་པར་བྱ་བ་མྱེད་དོ། །​སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཆོས་སྐྱེས་པས་འཐོབ་པ། མ་སྐྱེས་པ་འཐོབ་པར་བྱ་བར་འདོད་དམ། འོན་ཏམ་མ་སྐྱེས་པའི་ཆོས་ཀྱིས་ཐོབ་པ་སྐྱེས་པ་འཐོབ་པར་འདོད། །​རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བདག་ནི་སྐྱེས་པའི་ཆོས་ཀྱིས་ཀྱང་འཐོབ་པར་བྱ་བ་མ་སྐྱེས་པ་འཐོབ་པར་མི་འདོད་དོ། །​མ་སྐྱེས་པའི་ཆོས་ཀྱིས་ཀྱང་ཐོབ་པ་སྐྱེས་པ་འཐོབ་པར་མྱི་འདོད་དོ། །​སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འོ་ན་འཐོབ་པ་མྱེད་ལ་མངོན་པར་རྟོགས་པ་མྱེད་དམ། །​རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཐོབ་པ་ཡང་ཡོད། མངོན་པར་རྟོགས་པ་ཡང་ཡོད་དེ། གཉིས་ཀྱིས་མ་ཡིན་གྱི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཐོབ་པའམ་མངོན་པར་རྟོགས་པ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་གདགས་པའོ། །​རྒྱུན་ཏུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མྱི་འོང་བའམ། དགྲ་བཅོམ་པའམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་འམ། སངས་རྒྱས་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱིས་གདགས་པ་སྟེ། དོན་དམ་པས་ནི་འཐོབ་པའམ། མངོན་པར་རྟོགས་པའམ། རྒྱུན་ཏུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མྱི་འོང་བའམ། དགྲ་བཅོམ་པའམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་འམ། སངས་རྒྱས་སུ་གདགས་པ་མྱེད་དོ། །​སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འཐོབ་པ་དང་། མངོན་པར་རྟོགས་པར་བྱ་བ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ། དེ་བཞིན་དུ་འགྲོ་བ་ལྔ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད་ཀྱི་དོན་དམ་པར་མ་ཡིན་ནམ། །​སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་དེ་བཞིན་ཏེ། ཇི་ལྟར་ཐོབ་པ་དང་། མངོན་པར་རྟོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དེ་བཞིན་དུ་འགྲོ་བ་ལྔ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད་ཀྱི་དོན་དམ་པར་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10695#UT22084-014-001-10695