Degé Kangyur volume 17, F.239.a

ཏུ་ཞུགས་པ་ཡོད་པར་མྱི་འདོད་དོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་པར་མྱི་འདོད་དོ། །​མ་སྐྱེས་པ་ལ་ལན་ཅིག་ཕྱིར་འོང་བ་ཡོད་པར་མྱི་འདོད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་པར་མི་འདོད་དོ། །​མ་སྐྱེས་པ་ལ་ཕྱིར་མི་འོང་བ་ཡོད་པར་མི་འདོད་དོ། །​ཕྱིར་མྱི་འོང་བའི་འབྲས་བུ་ཡོད་པར་མྱི་འདོད་དོ། །​མ་སྐྱེས་པ་ལ་དགྲ་བཅོམ་པ་ཡོད་པར་མྱི་འདོད་དོ། །​དགྲ་བཅོམ་པ་ཉིད་མངོན་དུ་བྱ་བ་ཡོད་པར་མྱི་འདོད་དོ། །​མ་སྐྱེས་པ་ལ་རང་སངས་རྒྱས་ཡོད་པར་མྱི་འདོད་དོ། །​རང་བྱང་ཆུབ་ཡོད་པར་མྱི་འདོད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བདག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀའ་བའི་སྤྱད་པ་སྤྱོད་པ་ཡོད་པར་ཡང་མྱི་འདོད་དོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དཀའ་བ་སྤྱོད་པའི་འདུ་ཤེས་ཀྱིས་མྱི་སྤྱོད་དོ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྡུག་བསྔལ་གྱི་འདུ་ཤེས་བསྐྱེད་ན། སེམས་ཅན་ཚད་མྱེད་གྲངས་མྱེད་པའི་དོན་བྱ་བར་མྱི་ནུས་ཀྱི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སེམས་ཅན་རྣམས་ལ་མར་འདུ་ཤེས་བསྐྱེད་པ་དང་ཕར་འདུ་ཤེས་བསྐྱེད་པ་དང་བུར་འདུ་ཤེས་བསྐྱེད་པ་དང་། བདག་ཏུ་འདུ་ཤེས་བསྐྱེད་པས། སེམས་ཅན་གྲངས་མྱེད་ཚད་མྱེད་པའི་དོན་བྱ་བ་དེ་ཡང་མྱི་དམྱིགས་པའི་ཚུལ་དུ་ནུས་པར་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟར་སེམས་བསྐྱེད་དེ། ཇི་ལྟར་བདག་བདག་ཅེས་བྱ་བ་ཡང་དེ་ནི་ཐམས་ཅད་དུ་ཐམས་ཅད། རྣམ་པ་ཐམས་ཅད་དུ་ཐམས་ཅད་མྱེད་ཅིང་མྱི་དམྱིགས་པ། དེ་བཞིན་དུ་ཕྱི་ནང་གི་ཆོས་རྣམས་ལ་ཡང་འདུ་ཤེས་བསྐྱེད་དེ། དེ་ལྟར་འདུ་ཤེས་བསྐྱེད་ཀྱང་དཀའ་བའི་འདུ་ཤེས་མི་བསྐྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཆོས་གང་ལ་ཡང་མྱི་ལེན་མྱི་དམྱིགས་པའི་ཕྱིར་རོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བདག་ནི་མ་སྐྱེས་པ་ལ། དེ་བཞིན་གཤེགས་པ་ཡོད་པར་མི་འདོད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོད་པར་མྱི་འདོད་དོ། དེ་བཞིན་གཤེགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10694#UT22084-014-001-10694