Degé Kangyur volume 17, F.75.a

དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་ཏེ། མྱིང་ལ་ཡང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱེད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡང་མྱིང་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་གང་ཡིན་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། རྣམ་པར་ཐར་པ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་རྣམ་པར་ཐར་པ་རྣམས་མེད། རྣམ་པར་ཐར་པ་རྣམས་ལ་ཡང་མིང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། རྣམ་པར་ཐར་པ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། མྱིང་ལ་ཡང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མེད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་མྱིང་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། མྱིང་ལ་ཡང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམས་མྱེད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམས་ལ་ཡང་མྱིང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10375#UT22084-014-001-10375