Degé Kangyur volume 16, F.318.a

འགྱུར་བ་མྱེད་དོ། །​འདུས་བྱས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​འདུས་བྱས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​འདུས་བྱས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རབ་འབྱོར་འདུས་མ་བྱས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུས་མ་བྱས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད་གང་དུ་ཡང་འགྲོ་བ་མྱེད་གར་ཡང་གནས་པར་འགྱུར་བ་མྱེད་དོ། །​འདུས་མ་བྱས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​འདུས་མ་བྱས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​འདུས་མ་བྱས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་འོང་བ་ཡང་མྱེད། འགྲོ་བ་ཡང་མྱེད། གནས་པ་ཡང་མྱེད་དོ། །​རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་ལ་སྔོན་གྱི་མཐའ་ཡང་མྱི་དམྱིགས་སོ། །​ཕྱི་མའི་མཐའ་ཡང་མྱི་དམྱིགས་སོ། །​དབུས་ཀྱང་མི་དམྱིགས་ཏེ། འདི་ནི་དུས་གསུམ་མཉམ་པ་ཉིད་ཅེས་བྱ་བའི་ཐེག་པ་སྟེ། ཐེག་པ་ཆེན་པོ་ཞེས་བྱའོ། །​ཞེས་སྨྲས་པ་ནི་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། ཐེག་པ་འདི་ལ་སྔོན་གྱི་མཐའ་ཡང་མྱི་དམྱིགས། ཕྱི་མའི་མཐའ་ཡང་མྱི་དམྱིགས། དབུས་ཀྱང་མྱི་དམྱིགས་ཏེ། དུས་གསུམ་མཉམ་པ་ཉིད་ཅེས་བྱ་བའི་ཐེག་པ་སྟེ། དེའི་ཕྱིར་ན་ཐེག་པ་ཆེན་པོ་ཞེས་བྱའོ། །​དེ་ཅིའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10085#UT22084-014-001-10085