Degé Kangyur volume 16, F.222.a

ཐེག་པ་ཆེན་པོ་དེ་ནི་མྱི་གནས་པའི་ཚུལ་གྱིས་གནས་སོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། ཆོས་ཀྱི་དབྱིངས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱིག་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། དེ་བཞིན་ཉིད་ནི་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། ཡང་དག་པའི་མཐའ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་གནས་པའམ་མྱི་གནས་པ་མྱེད་དོ། །​དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པའམ་མྱི་གནས་པ་མྱེད་དོ། །​ཡང་དག་པའི་མཐའི་ངོ་བོ་ཉིད་ལ་ནི་གནས་པའམ། མྱི་གནས་པ་མྱེད་དོ། །​བསམ་གྱིས་མྱི་ཁྱབ་པའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་གནས་པའམ་མྱི་གནས་པ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​དེ་བཞིན་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​ཡང་དག་པའི་མཐའ་ཡང་དག་པའི་མཐའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​བསམ་གྱིས་མྱི་ཁྱབ་པའི་དབྱིངས་བསམ་གྱིས་མྱི་ཁྱབ་པའི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། ནམ་མཁའི་དབྱིངས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10785#UT22084-014-001-10785