Degé Kangyur volume 16, F.206.a

དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྟོང་པ་ཉིད་དང་འགལ་བར་མྱི་བྱའོ། །​དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་ཡིན་ཞེ་ན། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྟོང་པ་ཉིད་ཡོངས་སུ་རྫོགས་པའོ། །​དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མ་མྱེད་པ་མངོན་དུ་བྱ་བ་ཡིན་ཞེ་ན། འདི་ལྟ་སྟེ། མཚན་མ་ཐམས་ཅད་ཡིད་ལ་མྱི་བྱེད་པའི་ཕྱིར་རོ། །​དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྨོན་པ་མྱེད་པ་ཤེས་པ་ཡིན་ཞེ་ན། དེ་ནི་ཁམས་གསུམ་ཐམས་ཅད་དུ་སེམས་མྱི་འཇུག་པའོ། །​དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་གསུམ་ཡོངས་སུ་དག་པ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པའོ། །​དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་སྙིང་བརྩེ་བ་ཡོངས་སུ་རྫོགས་པ་ཡིན་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པའོ། །​དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་ཅན་ཐམས་ཅད་ལ་བརྙས་པར་མྱི་བྱ་ཞེ་ན། འདི་ལྟ་སྟེ། བྱམས་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་ལྟ་བ་གང་ཡིན་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་བསྣན་པ་དང་དབྲི་བ་མྱེད་པའོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དག་པའི་ཚུལ་རབ་ཏུ་རྟོགས་པ་གང་ཡིན་ཞེ་ན། ཆོས་ཐམས་ཅད་ཚུལ་གཅིག་ཏུ་རྟོགས་ཀྱང་རྟོགས་པ་མྱེད་པའོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བ་ལ་བཟོད་པ་གང་ཡིན་ཞེ་ན། ཆོས་ཐམས་ཅད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9868#UT22084-014-001-9868