Degé Kangyur volume 14, F.91.b

བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེ་ལྟ་བུས་ན། ཆོས་ཐམས་ཅད་འདུ་བ་དང་འབྲལ་བ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་དང་སྟོང་པ་ཉིད་དུ་མྱི་སྡུད་མྱི་འབྱེད་དེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །​མཚན་མ་མྱེད་པ་དང་མཚན་མ་མེད་པར་མྱི་སྡུད་མྱི་འབྱེད་དེ། མཚན་མ་མྱེད་པའི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །​སྨོན་པ་མྱེད་པ་དང་སྨོན་པ་མྱེད་པར་མྱི་སྡུད་མྱི་འབྱེད་དེ། སྨོན་པ་མྱེད་པའི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ལ་འདུ་བ་འམ་འབྲལ་བ་མེད་དོ། །​མཚན་མ་མྱེད་པ་ལ་འདུ་བ་འམ་འབྲལ་བ་མྱེད་དོ། །​སྨོན་པ་མེད་པ་ལ་འདུ་བ་འམ་འབྲལ་བ་མེད་དོ། །​ཤ་ར་དྭ་ཏིའི་བུ་དེ་ལྟ་བུར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་འཇུག་སྟེ། དེ་དེ་ལྟར་ཁོང་དུ་ཆུད་པར་བྱེད་པས། གཟུགས་མྱི་སྦྱོར་མྱི་འབྱེད་དོ། །​ཚོར་བ་མྱི་སྦྱོར་མྱི་འབྱེད་དོ། །​འདུ་ཤེས་མྱི་སྦྱོར་མྱི་འབྱེད་དོ། །​འདུ་བྱེད་མྱི་སྦྱོར་མྱི་འབྱེད་དོ། །​རྣམ་པར་ཤེས་པ་མྱི་སྦྱོར་མྱི་འབྱེད་དོ། །​གཟུགས་དང་སྔོན་གྱི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​གཟུགས་དང་ཕྱི་མའི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​གཟུགས་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6048#UT22084-014-001-6048