Degé Kangyur volume 14, F.87.b

རྣམ་པར་ཤེས་པ་མྱེད་དོ། །​རྣམ་པར་ཤེས་པ་འགག་པ་མྱེད་དོ། །​དེ་ལ་ནི་མྱིང་དང་གཟུགས་མྱེད་དོ། །​མྱིང་དང་གཟུགས་འགག་པ་མྱེད་དོ། །​དེ་ལ་ནི་སྐྱེ་མཆེད་དྲུག་མྱེད་དོ། །​སྐྱེ་མཆེད་དྲུག་འགག་པ་མྱེད་དོ། །​དེ་ལ་ནི་རེག་པ་མྱེད་དོ། །​རེག་པ་འགག་པ་མྱེད་དོ། །​དེ་ལ་ནི་ཚོར་བ་མྱེད་དོ། །​ཚོར་བ་འགག་པ་མྱེད་དོ། །​དེ་ལ་ནི་སྲེད་བ་མྱེད་དོ། །​སྲེད་པ་འགག་པ་མྱེད་དོ། །​དེ་ལ་ནི་ལེན་པ་མྱེད་དོ། །​ལེན་པ་འགག་པ་མྱེད་དོ། །​དེ་ལ་ནི་སྲིད་པ་མྱེད་དོ། །​སྲིད་པ་འགག་པ་མྱེད་དོ། །​དེ་ལ་ནི་སྐྱེ་བ་མྱེད་དོ། །​སྐྱེ་བ་འགག་པ་མྱེད་དོ། །​དེ་ལ་ནི་རྒ་ཤི་མྱེད་དོ། །​རྒ་ཤི་འགག་པ་མྱེད་དོ། །​དེ་ལ་ནི་སྡུག་བསྔལ་མྱེད་དོ། །​སྡུག་བསྔལ་ཡོངས་སུ་ཤེས་པ་མྱེད་དོ། །​དེ་ལ་ནི་ཀུན་འབྱུང་བ་མྱེད་དོ། །​ཀུ་འབྱུང་བ་སྤང་བ་མྱེད་དོ། །​དེ་ལ་ནི་འགོག་པ་མྱེད་དོ། །​འགོག་པ་མངོན་དུ་བྱ་བ་མྱེད་དོ། །​དེ་ལ་ནི་ལམ་མྱེད་དོ། །​ལམ་བསྒོམ་པ་མྱེད་དོ། །​དེ་ལ་ནི་ཐོབ་པར་བྱ་བ་མེད་དོ། །​མངོན་དུ་ཤེས་པར་བྱ་བ་མྱེད་དོ། །​དེ་ལ་ནི་རྒྱུན་ཏུ་ཞུགས་པ་མྱེད་དོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱེད་དོ། །​དེ་ལ་ནི་ལན་ཅིག་ཕྱིར་འོང་བ་མྱེད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱེད་དོ། །​དེ་ལ་ནི་ཕྱིར་མྱི་འོང་བ་མྱེད་དོ། །​ཕྱིར་མྱི་འོང་བའི་འབྲས་བུ་མེད་དོ། །​དེ་ལ་ནི་དགྲ་བཅོམ་པ་མེད་དོ། །​དགྲ་བཅོམ་པའི་འབྲས་བུ་མེད་དོ། །​དེ་ལ་ནི་རང་སངས་རྒྱས་མྱེད་དོ། །​རང་བྱང་ཆུབ་མྱེད་དོ། །​དེ་ལ་ནི་བྱང་ཆུབ་སེམས་དཔའ་མྱེད་དོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་མྱེད་དོ། །​དེ་ལ་ནི་སངས་རྒྱས་མྱེད་དོ། །​བྱང་ཆུབ་མེད་དོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་སྟེ། དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། གཟུགས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཚོར་བ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6040#UT22084-014-001-6040