Degé Kangyur volume 16, F.15.b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ཀྱང་དམྱིགས་ལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གཉིས་པ། །​རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་ཐབས་མྱི་མཁས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན། འཇིགས་ཤིང་སྔང་ལ་སྐྲག་པར་འགྱུར་རོ། །​གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན། འཇིགས་ཤིང་སྔང་ལ་སྐྲག་པར་འགྱུར་ཏེ། སྡིག་པའི་གྲོགས་པོའི་སུག་པར་ལྟུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མོས་པ་མེད་པར་བྱེད་ཅིང་ཟློག་པར་བྱེད་པའོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མོས་པ་མེད་པར་བྱེད་ཅིང་ཟློག་པར་བྱེད་པའོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མོས་པ་མེད་པར་བྱེད་ཅིང་ཟློག་པར་བྱེད་པའོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མོས་པ་མྱེད་པར་བྱེད་ཅིང་ཟློག་པར་བྱེད་པའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མོས་པ་མྱེད་པར་བྱེད་ཅིང་ཟློག་པར་བྱེད་པའོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མོས་པ་མྱེད་པར་བྱེད་ཅིང་ཟློག་པར་བྱེད་པ་སྟེ། འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན། འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན་གྱིས། འདི་ལ་བསླབ་པར་བྱ་བའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7479#UT22084-014-001-7479