Degé Kangyur volume 14, F.69.a

བདག་ས་ཆེན་པོ་ལ་སོར་བཞི་ཙམ་གྱིས་རྐང་པས་མི་རེག་པར་འགྲོ་བར་འགྱུར། ཇི་ལྟར་ན་བདག་གིས་པདྨོ་ལོ་མ་སྟོང་དང་ལྡན་པ་ལ་རྐང་པ་གཉིས་ཀྱི་མཐིལ་བཞག་ཅིང་རྐང་པའི་འོག་ན་གནས་པའི་སྲོག་ཆགས་རྣམས་ལ་མི་གནོད་པར་འགྲོ་བར་བྱ། ཇི་ལྟར་ན་བདག་རྐང་པའི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཉིས་ཀྱིས་ས་ཆེན་པོ་ལ་རྣམ་པར་བྲིས་ཏེ་འགྲོ་བར་འགྱུར། ཇི་ལྟར་ན་བདག་ས་ཆེན་པོ་ལ་འཁོར་ཀུན་ཏུ་འཁོར་ལོ་ཙམ་གྱི་ཁྱོན་ཡོངས་སུ་བསྐོར་ཅིང་འཆགས་ན་འཆག་པར་འགྱུར། ཇི་ལྟར་ན་བདག་ས་ཆེན་པོ་ཐམས་ཅད་དུ་རྒྱུ་ཞིང་སོང་ཡང་སའི་རྡུལ་གྱིས་མྱི་གོས་པར་འགྱུར། ཇི་ལྟར་ན་བདག་དཔག་ཚད་གཅིག་གམ། གཉིས་སམ། གསུམ་མམ། བཞི་འམ། ལྔ་འམ་བཅུ་འམ། ཉི་ཤུ་འམ། སུམ་ཅུ་འམ། བཞི་བཅུ་འམ། ལྔ་བཅུ་འམ། དཔག་ཚད་བརྒྱ་འམ། དཔག་ཚད་སྟོང་ངམ། དཔག་ཚད་བརྒྱ་ཕྲག་སྟོང་ངམ། དཔག་ཚད་བྱེ་བ་འམ། དཔག་ཚད་བྱེ་བ་བརྒྱ་འམ། དཔག་ཚད་བྱེ་བ་སྟོང་ངམ། དཔག་ཚད་བྱེ་བ་བརྒྱ་ཕྲག་སྟོང་ངམ། དཔག་ཚད་བྱེ་བ་ཁྲག་ཁྲིག་གམ། དཔག་ཚད་བྱེ་བ་ཁྲག་ཁྲིག་བརྒྱ་འམ། དཔག་ཚད་བྱེ་བ་ཁྲག་ཁྲིག་སྟོང་ངམ། དཔག་ཚད་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ནས། དཔག་ཚད་ཚད་མེད་པ་འམ། གྲངས་མེད་པ་འམ། བསམ་གྱིས་མི་ཁྱབ་པ་འམ། མཚུངས་པ་མྱེད་པ་འམ། མཐའ་ཡས་པ་འམ། ཀུན་ཏུ་མཐའ་ཡས་པ་འམ། གཞལ་དུ་མྱེད་པ་འམ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པའི་སངས་རྒྱས་ཀྱི་ཞིང་དག་ཏུ་རྒྱུས་ཏེ་སོང་ཡང་། ལུས་དང་སེམས་ལ་དུབ་པ་མྱེད་པར་འགྱུར་སྙམ་ན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་གིས་རྐང་པའི་མཐིལ་འཁོར་ལོ་རྩིབས་སྟོང་དང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6004#UT22084-014-001-6004