Degé Kangyur volume 14, F.68.b

དེ་དག་ཐམས་ཅད་བདག་གི་མཐུས་དེ་ནས་ཤི་འཕོས་ནས། མིའི་ལུས་ཐོབ་པར་བྱ་སྙམ་སྟེ། སེམས་ཅན་དེ་དག་ཐམས་ཅད་ཚུལ་ཁྲིམས་ལ་དགོད་པར་འདོད་པ་དང་། ཏིང་ངེ་འཛིན་ལ་དགོད་པར་འདོད་པ་དང་། ཤེས་རབ་ལ་དགོད་པར་འདོད་པ་དང་། རྣམ་པར་གྲོལ་བ་ལ་དགོད་པར་འདོད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་དགོད་པར་འདོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་འདོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་པར་འདོད་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་དགོད་པར་འདོད་པ་དང་། དགྲ་བཅོམ་པ་ཉིད་ལ་དགོད་པར་འདོད་པ་དང་། རང་བྱང་ཆུབ་ལ་དགོད་པར་འདོད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་དགོད་པར་འདོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྤྱོད་ལམ་ལ་བསླབ་པར་འདོད་པ་དང་། དེ་བཞིན་གཤེགས་པའི་སྤྱོད་པ་དང་། ཚུལ་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་དང་། གསུང་གི་ཕྲིན་ལས་དང་། ཐུགས་ཀྱི་ཕྲིན་ལས་ཡེ་ཤེས་སྔོན་དུ་འགྲོ་བ་ཡོངས་སུ་དག་པ་ལ་བསླབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་གི་གླང་པོ་ཆེན་པོའི་ལྟ་སྟངས་ཀྱིས་བལྟས་ཏེ། སེམས་ཅན་རྣམས་ལ་ཐོགས་པ་མེད་པར་ཆོས་བསྟན་པར་འགྱུར། ཇི་ལྟར་ན་བདག་སེང་གེ་ཆེན་པོའི་རྣམ་པར་བསྒྱིངས་པས་རྣམ་པར་བསྒྱིང་པར་འགྱུར། ཇི་ལྟར་ན་བདག་གིས་དོན་ཡོད་པའི་རྣམ་པར་གནན་པས་རྣམ་པར་གནོན་པར་བྱ། ཇི་ལྟར་ན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6003#UT22084-014-001-6003