Degé Kangyur volume 15, F.172.b

བརྒྱད་པ་མེད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​འཕགས་པའི་བདེན་པ་བཞིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་འཕགས་པའི་བདེན་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་འཕགས་པའི་བདེན་པ་རྣམས་མེད། འཕགས་པའི་བདེན་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་འཕགས་པའི་བདེན་པ། འཕགས་པའི་བདེན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​བསམ་གཏན་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་བསམ་གཏན་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་བསམ་གཏན་རྣམས་མེད། བསམ་གཏན་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་བསམ་གཏན། བསམ་གཏན་ཉིད་ཀྱང་སྟོང་པ་ཉིད་དོ། །​ཚད་མེད་པ་བཞིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཚད་མེད་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཚད་མེད་པ་རྣམས་མེད། ཚད་མེད་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཚད་མེད་པ། ཚད་མེད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མེད། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་གཟུགས་མེད་པའི་སྙོམས་པར་འཇུག་པ། གཟུགས་མེད་པའི་སྙོམས་པར་འཇུག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​རྣམ་པར་ཐར་པ་བརྒྱད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣམ་པར་ཐར་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རྣམ་པར་ཐར་པ་མེད། རྣམ་པར་ཐར་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྣམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6991#UT22084-014-001-6991