Degé Kangyur volume 92, F.15.a

དང་མདུན་ན་འདོན། །​བཙུན་མོའི་ཚོགས་བཅས་དབང་དུ་གྱུར། །​དགེ་སྦྱོང་དང་ནི་བྲམ་ཟེ་དག །​ཐམས་ཅད་དབང་དུ་མཆི་བར་འགྱུར། །​རྒྱལ་རིགས་དམངས་རིགས་དག་དང་ནི། །​ཐམས་ཅད་དབང་དུ་མཆི་བར་འགྱུར། །​མཆོད་པ་ཆེན་པོའི་འོས་སུ་འགྱུར། །​རིག་སྔགས་ལྷ་ནི་ཐམས་ཅད་དང་། །​གང་དག་དཀྱིལ་འཁོར་གནས་པ་སྟེ། །​དེ་དག་ཐམས་ཅད་དམ་ཚིག་གི། །​རྗེས་སུ་བསྒྲུབ་ཅིང་སྐྱོང་བར་འགྱུར། །​ཕྱོགས་བཅུར་བསྲུང་བ་བགྱིད་འགྱུར་བ། །​རྟག་ཏུ་སྒྲུབ་པ་བླ་ན་མེད་སྩོལ། །​ཐིག་ལེ་འདི་བགྱིས་གྲོགས་མེད་རྒྱུ་བ་དག །​ཆོམ་རྐུན་དང་ནི་ཆོམ་པོ་གཡོན་ཅན་དང་། །​གཡུལ་འགྱེད་ཉིད་ཀྱི་འཇིགས་པ་གང་ཡིན་པ། །​ཀུན་ནས་བསྒྲལ་བར་འགྱུར་ཏེ་སོམ་ཉི་མེད། །​སེང་གེ་སྟག་དང་དོམ་དང་ནི། །​གླང་ཆེན་ཁྲོ་བོ་མི་བཟད་དང་། །​ཝ་དང་གདུག་བཅས་སྲོག་ཆགས་དང་། །​སོ་གདུག་སྦྲུལ་ཀུན་མགོ་ནས་ཟ། །​གང་དག་སྲོག་ཆགས་གདུག་པར་བཅས། །​དེ་དག་ཐམས་ཅད་ནུབ་འགྱུར་ཏེ། །​ནམ་ཡང་འབྱུང་བར་མི་འགྱུར་རོ། །​སེར་བ་མེ་དང་ཚིག་པ་དང་། །​ཆར་པ་མི་ཟད་མཚོན་ཆུ་བྱད། །​མཁས་པས་ཐིག་ལེ་འཆང་བའི་ལུས། །​ཁྱིམ་རྡིབ་པས་ཀྱང་ནོན་མི་འགྱུར། །​མཁས་པ་རིག་སྔགས་འཆང་བའི་དོན། །​ཐམས་ཅད་འདི་ཡིས་བགྱིད་པར་འགྱུར། །​ཤིན་ཏུ་མ་གྲུབ་གསལ་བར་ཡང་། །​འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། །​བཅོམ་ལྡན་འདས་རིག་སྔགས་འཆང་གིས་བདག་དྲན་པར་བགྱིད་ཅིང་། དོན་ཡོད་པའི་ཞགས་པའི་སྙིང་པོ་དྲན་པར་བགྱིད་ན། བཅོམ་ལྡན་འདས་དེ་མ་ཐག་ཏུ་རིག་སྔགས་འཆང་དེའི་མདུན་དུ་བདག་མཆིས་ནས། ཡིད་ལ་བསམས་པ་ཡོངས་སུ་རྫོགས་པར་བགྱིའོ། །​ཐམས་ཅད་ཀྱི་མཆོག་ཐམས་ཅད་ཇི་སྐད་གསུངས་པ་བཞིན་སྩལ་བར་བགྱིའོ། །​དགོས་པ་ཐམས་ཅད་བསྒྲུབ་པར་བགྱིའོ། །​དོན་ཡོད་པ་གྲུབ་པ་རྗེས་སུ་སྩལ་བར་བགྱིའོ། །​བདེན་པར་དམ་བཅས་པས་དམ་ཚིག་རྗེས་སུ་བསྐྱང་བར་བགྱིའོ། །​བཅོམ་ལྡན་འདས་གལ་ཏེ་རིག་སྔགས་འཆང་གིས་ཇི་སྐད་གསུངས་པའི་ཆོ་ག་ཞིབ་མོ་སྒྲུབ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6472#UT22084-092-001-6472