Degé Kangyur volume 90, F.241.b

ཚེ་དཔག་ཏུ་མེད་པ་གསལ་པོར་ཐབ་ཁུང་གི་དབུས་སུ་བསམས་ལ། གཙུག་ཏོར་རྣམ་པར་རྒྱལ་བ་བཟླས་ཤིང་དགང་བླུགས་གསུམ་དབུལ་ལོ། །​ཡང་ན། ཨོྃ་ཨ་མྲྀ་ཏ་ཨཱ་ཡུར་དཏྟེ་སྭཱ་ཧཱ། ཞེས་བྱ་བས་ཚེ་དང་བློ་རྣོ་བ་དང་བཅས་པས་བརྒྱད་བརྒྱ་དུས་གསུམ་དུ་སྦྱིན་སྲེག་བྱའོ། །གཙུག་ཏོར་རྣམ་པར་རྒྱལ་བ་ལན་བདུན་དུ་བཟླས་པ་བྱས་ན་ཚེ་རིང་བ་དང་། བློ་རྣོ་བ་དང་། སྐྱིད་པ་དང་། ནད་མེད་པར་འགྱུར་རོ། །​ཡང་ན་ཟླ་བ་རེ་རེའི་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ་དུས་གསུམ་དུ་ཚེ་ལོ་སྟོང་ཐུབ་པར་འདོད་པས་སྦྱིན་སྲེག་བྱས་ན་མཆོག་གི་ཚེ་རིང་བ་དང་། བློ་རྣོ་བ་སྦྱིན་པར་བྱེད་དོ། །​སེམས་ཅན་རྣམས་ལ་སྨད་པར་མི་བྱའོ། །​ཆོ་ག་འདིས་རང་གི་ལུས་ནད་ཀྱིས་གོས་པར་མི་འགྱུར་ཞིང་ལོ་བརྒྱ་ལྔ་བཅུ་འཚོ་བ་དང་། དགྲ་ལས་རྣམ་པར་རྒྱལ་བ་དང་། བློ་རྣོ་བར་འགྱུར་རོ། །​དབྱངས་སྙན་པར་འགྱུར་རོ། །གལ་ཏེ་རང་གིས་མ་ནུས་ན་དེའི་ཚེ་རང་དང་འདྲ་བས་བྱས་ན་ཞི་བ་ཆེན་པོར་འགྱུར་རོ། །​དེ་ནས་གཞན་ཡང་སྒྲུབ་པར་འདོད་ན་གཙུག་ཏོར་གྱི་རྒྱལ་པོ་ཆེན་པོ་ཚེ་དང་བློ་རྣོ་བ་དང་བཅས་པས་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ཏེ། དང་པོ་དང་མཐར་སྟོང་སྟོང་གིས་མཆོད་པ་བྱས་ལ་ཡང་འབུམ་ཕྲག་གཅིག་བཟླས་པ་བྱས་ན་ཚེ་ལོ་འབུམ་ཕྲག་གཅིག་ཐུབ་པར་འགྱུར་རོ། །​བྱེ་བ་བྱས་ན་བྱེ་བ་ཐུབ་བོ། །​དེ་ལྟར་འདིའི་ཆོ་གའི་རིམ་པས་ཚེ་ལ་དཔག་ཏུ་མེད་པར་འགྱུར་ཞིང་ནམ་མཁའ་ལ་འགྲོ་བ་དང་། དཔའ་བ་དང་། དགྲ་ལས་རྒྱལ་བར་འགྱུར་རོ། །​དཔལ་འདོད་ན་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་དཔལ་ཆེན་པོ་ཐོབ་པར་འགྱུར་རོ། །​རྒྱལ་པོ་འདོད་ན་པདྨ་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་རྒྱལ་པོ་ཆེན་པོ་ཐོབ་པར་འགྱུར་རོ། །​བྱེ་བ་གཅིག་བྱས་ན་འཁོར་ལོས་སྒྱུར་བ་ཐོབ་པར་འགྱུར་རོ། །​ཡང་ན་རལ་གྲི་ལ་སོགས་བ་སྒྲུབ་བར་འདོད་ན་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུ་ཐང་སྐུ་བཀྲམ་ལ་སྟོང་གིས་མཆོད་པ་ཆེན་པོས་མཆོད་ལ་བཟླས་པ་འབུམ་བྱས་ལ། ཡང་ན་ལྕགས་ལྔའི་རང་བཞིན་གྱི་རལ་གྲི་ལ་བཟླས་པ་འབུམ་བྱས་ཏེ། ལག་པ་གཡས་པར་བཅངས་ན་ཡིད་ཀྱིས་འགྲོ་བ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh595.html?part=UT22084-090-039-179#UT22084-090-039-179