Degé Kangyur volume 90, F.242.a

འདོད་པའི་གཟུགས་འཛིན་པ་དང་། སྟོབས་ཆེ་ཞིང་གཞན་གནོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་གཅིག་ཏུ་འདྲེན་པ་པོར་གྱུར་ནས་སྨན་པ་ཆེན་པོའི་མཆོག་ཚེ་དཔག་ཏུ་མེད་པར་འགྱུར་རོ། །​དེ་ལྟར་རྡོ་རྗེ་དང་། འཁོར་ལོ་དང་། རྩེ་གསུམ་ལ་སོགས་པ་ཡང་བསྒྲུབ་པར་བྱའོ། །​དེ་ལྟར་ཕན་ཡོན་དཔག་ཏུ་མེད་པའི་གཟུངས་ཆེན་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་མཆོག་ཏུ་རྙེད་པར་དཀའ་བ་འདི་ཇི་ལྟ་ཇི་ལྟར་སྦྱར་བ་དེ་ལྟ་དེ་ལྟར་ལས་གྲུབ་པར་བྱེད་དོ། །​གང་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་ཉི་མ་རེ་རེ་ལ་དུས་གསུམ་དུ་ལན་ཉི་ཤུ་རྩ་གཅིག་རྩ་གཅིག་བཟླས་པ་བྱ་ཞིང་མཆོད་རྟེན་ཆེན་པོ་བྱས་ཏེ་ཡང་དག་པར་བཅངས་ལ་གཞན་ལ་ཡང་རྒྱ་ཆེར་གསལ་བར་བྱས་ན་དེ་སྐྱིད་པ་འཐོབ་ཅིང་སྟོབས་དང་ལྡན་པ་དང་། ནད་མེད་པ་དང་། ལོ་བརྒྱ་ཐུབ་པ་དང་། བློ་རྣོ་བ་དང་། སྐྱེ་བ་དྲན་པར་འགྱུར་རོ། །​གང་གི་ཚེ་འཆི་བའི་དུས་བྱེད་པ་དེའི་ཚེ་སྦྲུལ་ཤུན་པ་བརྗེས་པ་དང་འདྲ་བར་རང་གི་ལུས་བོར་ཏེ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །​དམྱལ་བའི་སྒྲ་རྣ་བུག་ཏུ་ཡང་ཐོས་པར་མི་འགྱུར་ན་འབྲས་བུ་སྨིན་པར་ལྟ་ཡང་ག་ལ་འགྱུར། གང་དང་གང་དུ་སྐྱེས་པ་དེ་དང་དེ་རུ་སྐྱེ་བ་དྲན་པར་འགྱུར་རོ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།​། །​།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ་རྫོགས་སོ།​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh595.html?part=UT22084-090-039-180#UT22084-090-039-180