Degé Kangyur volume 90, F.185.a

ཁྲག་གིས་འཁོར་ལོ་བྲིས་ལ་དེའི་ནང་དུ་བཅུག་སྟེ་མ་མོའི་ཁང་པར་སྦས་ན་ཕན་ཚུན་འབྱེ་ཞིང་མི་མཐུན་པ་ཆེན་པོར་འགྱུར་རོ། །​རྨོངས་པར་བྱ་བ་ལ་ནི་ཐོད་ལོ་ཀོར་གྱིས་བྱུགས་པ་ལ་དུག་གིས་སྦྲུལ་བྲིས་ཏེ་སྦྲུལ་མགོ་གསུམ་པ་གཡོན་པའི་ལག་པས་བཟུང་ནས་མདུན་དུ་དགྲ་ལ་བསྡིགས་པ། ཟླ་བ་དང་ཉི་མ་གཉིས་ལན་ཉི་ཤུ་རྩ་གཅིག་ཏུ་གཡས་སྐོར་དུ་བསྒོམ་པར་བྱའོ། །​སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ཏེ་དབྱུག་པའི་སྟེང་གི་རྩེ་མོ་ལ་རྡོ་རྗེ་རྩེ་གསུམ་པ། འོག་གི་རྩེ་མོ་ལ་རྡོ་རྗེ་རྩེ་གཅིག་པ་བྱས་ན་རྐུན་མ་ལ་སོགས་པས་གནོད་པར་མི་འགྱུར་རོ། །​དབྱུག་པ་དེ་འཇིགས་པ་ཆེན་པོ་ལ་ཡང་ཁྱེར་ཞིང་ཡི་གེ་དྲུག་པ་བཟླས་ན་འཇིགས་པ་ཐམས་ཅད་ལས་ཡོངས་སུ་སྲུང་བར་འགྱུར་རོ། །​འོག་ཏུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡང་ཟླ་བའི་དཀྱིལ་འཁོར་ཨ་ལས་སྐྱེས་པ་དེར་བདག་ཉིད་ཡིབ་པར་བྱའོ། །​འོད་ཟེར་ཅན་བདག་ལ་སྐྱོབས་ཤིག་ཅེས་བྱ་བ་ལ་སོགས་པ་སྔོན་དུ་བསྟན་པའི་སྔགས་བཟླས་པ་བྱའོ། །​ཟླ་བ་དང་ཉི་མ་ཕན་ཚུན་འོད་ཟེར་གཉིས་འདྲེས་པ་ནི་འཇིགས་པ་ཐམས་ཅད་ཀྱི་དུས་སུའོ། །​ཉལ་བའི་དུས་སུ་མལ་སྟན་ལ་འདུག་སྟེ་ཙྱཻའི་ཡི་གེ་མངོན་པར་བྲིས་ལ་རྐང་པ་གཡོན་པར་བཞག་སྟེ་མི་བསྐྱོད་པ་བསྒོམ་པར་བྱའོ། །​དེས་ནི་རྐུན་མས་མི་ཚུགས་ཏེ་བཅིངས་ནས་རྨོངས་ནས་འདུག་གོ། །​ཡང་ན་བཅོམ་ལྡན་འདས་མ་ནི་ལས་ཀྱི་རྗེས་སུ་འབྲང་བའི་མདོག་ཡིན་ཏེ་དབང་ལ་ནི་དམར་པོ་ཕྱག་གཉིས་པ་གཞུ་དང་མདའ་བསྣམས་པའི་ཕྱག་ཅན་ཉི་མའི་དཀྱིལ་འཁོར་ལ་གནས་པའོ། །​ཞི་བ་ལ་ནི་དཀར་པོ་ཕྱག་བཞི་པ་གཅིག་ན་མཆོག་སྦྱིན་པ། གཉིས་པ་ན་རྡོ་རྗེ་དང་། གཡོན་པའི་དང་པོ་ན་ཤིང་མྱ་ངན་མེད་པའི་ཡལ་ག །​གཉིས་པ་ན་མི་འཇིགས་པའི་ཕྱག་རྒྱ་མཛད་པ་པདྨ་དཀར་པོ་ལ་གནས་པའོ། །​རྒྱས་པ་ལ་ནི་ཕྱག་བཞི་པ། ཅུང་ཟད་དཀར་བ་ཕྱག་གཉིས་པ་ན་དགྲ་སྟ་དང་ཞགས་པ་བསྣམས་པའོ། །​བཅིངས་པ་གྲོལ་བར་བྱེད་པ་ནི་ལྗང་གུ་ཕྱག་གཉིས་པ་ཞགས་པ་དང་དགྲ་སྟ་བསྣམས་པའོ། །​མངོན་སྤྱོད་ལ་ནི་ནག་མོ་ཕྱག་བཞི་པ་གཡས་པ་ན་རལ་གྲི་དང་ཕྱག་གཞན་ཐོ་བའོ། །​གཡོན་པ་ན་ཐོད་པའོ། །​གཞན་སྡིགས་མཛུབ་བོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh566.html?part=UT22084-090-010-641#UT22084-090-010-641