Degé Kangyur volume 90, F.152.b

།གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱིས་ཀྱང་བཤད་དོ། །​འཕྲོག་མ་བུ་དང་བཅས་གཡོག་འཁོར་དང་བཅས་པས་ཀྱང་བཤད་དོ། །​ཀུན་དགའ་བོ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག །​རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་འདི་བཟུང་ནས་ཇི་ལྟར་བསྟན་པ་དང་། ཇི་ལྟར་ཀུན་ཆུབ་པར་བྱས་པ་དེ་བཞིན་དུ་ཤེས་སམ། མཐོང་ངམ། ལས་སུ་བྱེད་པ་དེ་ལ་ནི་ཇི་སྲིད་འཚོའི་བར་དུ་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་བྱས་པར་འགྱུར་རོ། །​ཀུན་དགའ་བོ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་འདིས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །​ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བར་བྱའོ། །​ཡོངས་སུ་ཞི་བ་དང་བདེ་ལེགས་སུ་འགྱུར་བར་བྱའོ། །མཚམས་བཅད་དོ། །​ཤར་ཕྱོགས་སུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །​དེ་བཞིན་དུ་ནུབ་ཕྱོགས་སུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །​ལྷོ་ཕྱོགས་སུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །​བྱང་ཕྱོགས་སུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །​ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །​ཀུན་དགའ་བོ་རྒྱལ་པོ་ཆེན་པོ་བཞིའི་ལམ་དང་ལམ་མ་ཡིན་པ་ན་གནས་པ་བཞི་ཡོད་དེ། དེ་དག་གང་ཞེ་ན། འདི་ལྟ་སྟེ་བཀྲ་ཤིས་ལྡན་དང་། ཀུན་བཤེས་དང་། གང་པོ་དང་དགའ་བའི་དཔལ་རྣམས་ཏེ། གང་དེ་དག་གི་མིང་ཤེས་པ་དང་། རུས་ཤེས་པ་དེ་ལ་ནི་རྒྱལ་པོ་ཆེན་པོའི་འཇིགས་པ་མི་འབྱུང་ངོ་། །​ཆོམ་རྐུན་གྱི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། མིའི་འཇིགས་པ་དང་། མི་མ་ཡིན་པའི་འཇིགས་པ་མི་འབྱུང་ངོ་། །​ཀུན་དགའ་བོ་ལག་ན་རྡོ་རྗེའི་ཕུ་བོ་ལག་མྱུར་ཞེས་བྱ་བ་གྲོང་ཁྱེར་ཁོར་ཡུག་ཅེས་བྱ་བ་ན་གནས་པ་ཡོད་དེ། གང་དེའི་མིང་ཤེས་པ་དང་། རུས་ཤེས་པ་དེ་ལ་ནི་དེས་སྲུང་བར་བྱེད། ཡོངས་སུ་སྐྱོབ་པར་བྱེད། ཡོངས་སུ་འཛིན་པར་བྱེད། ཆད་པ་ཟློག་པར་བྱེད་ཞི་བ་དང་བདེ་ལེགས་སུ་འགྱུར་བར་བྱེད་དོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh563.html?part=UT22084-090-007-189#UT22084-090-007-189