Degé Kangyur volume 90, F.150.b

བསམ་པ་རྒྱ་ཆེན་པོ་དང་ལྡན་པས་རྒྱལ་པོ་ཆེན་པོ་བཞིའི་གཟུགས་ལྡོང་རོས་སམ་བཙག་གིས་བྲིས་ལ། སྤོས་ཐམས་ཅད་དང་ལྡན་པའི་དཀྱིལ་འཁོར་གྲུ་བཞི་པ་བྱས་ནས་སངས་རྒྱས་ཀྱི་སྤྱན་སྔར་དུས་གསུམ་དུ་བརྗོད་པར་བྱའོ། །​བསིལ་བའི་ཚལ་གྱི་མདོ་ཆེན་པོ་རྫོགས་སོ།​། །​།པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་དང་། ཛྙཱ་ན་སིདྡྷི་དང་། ཤཱཀྱ་པྲ་བྷ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ཏེ་གཏན་ལ་ཕབ་པ།​། །​།ཕྱིས་འགོས་གཞོན་ནུ་དཔལ་གྱིས་ཆག་ལོ་ཙཱ་བའི་ཕྱག་དཔེ་ལས་ཞུས་སོ།​། ༄༅༅། །​རྒྱ་གར་སྐད་དུ། མ་ཧཱ་མནྟྲ་ཨ་ནུ་དྷཱ་ར་ཎི་སཱུ་ཏྲ། བོད་སྐད་དུ། གསང་སྔགས་ཆེན་པོ་རྗེས་སུ་འཛིན་པའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །​སངས་རྒྱས་ལ་ཕྱག་འཚལ་ལོ། །​ཆོས་ལ་ཕྱག་འཚལ་ལོ། །​དགེ་འདུན་ལ་ཕྱག་འཚལ་ལོ། །​ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་ཉན་ཐོས་དང་བཅས་པ་ཡང་དག་པར་སོང་བ་ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །​དེ་རྣམས་ལ་ཕྱག་འཚལ་ནས། རིག་སྔགས་འདི་ནི་དོན་དུ་བསྒྲུབ། །​རིག་སྔགས་འདི་དག་གྲུབ་གྱུར་ཅིག །​གང་ཕྱིར་དོན་དུ་བསྒྲུབས་པ་ཡི། །​དོན་དེ་ཡང་ནི་གྲུབ་པར་ཤོག །​འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་རིས་ཀྱི་ལྷ་རྣམས་དང་བཅས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་བཅས་པ་དང་། རྒྱལ་པོ་ཆེན་པོ་བཞི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་བཅས་པ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། འཕྲོག་མ་བུ་དང་བཅས་པ་གཡོག་འཁོར་དང་བཅས་པ་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །​ཕྱོགས་གཅིག་ཏུ་འཁོད་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་བཅོམ་ལྡན་འདས་བདག་ནི་སྟོང་གི་འཇིག་རྟེན་གྱི་ཁམས་རྣམས་སུ་དབང་ཕྱུག་ལ་དབང་བགྱིད་པ་ལགས་ཏེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh563.html?part=UT22084-090-007-185#UT22084-090-007-185