Degé Kangyur volume 90, F.120.a

བསྐྱབས་པ། དཔག་བསམ་གྱི་ཤིང་དུ་མས་རྒྱས་པར་མཛེས་པར་བྱས་པ། རྡོ་རྗེ་རིན་པོ་ཆེའི་ཁྲི་རི་རབ་ཙམ་ལ་བཞུགས་ཏེ། གསེར་གྱི་རི་བོའི་རྒྱལ་པོ་ལྟར་དཔལ་ནི་རབ་ཏུ་འབར། ས་ཕྱོགས་ནི་ཉི་མ་སྟོང་བས་ལྷག་པའི་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་བརྒྱན། ཟླ་བ་ཉ་བ་ལྟར་འཇིག་རྟེན་ཐམས་ཅད་ལ་སྡུག་པར་ནི་སྣང་། དཔག་བསམ་གྱི་ཤིང་ལྗོན་པ་ཆེན་པོ་ལྟར། སངས་རྒྱས་ཀྱི་ཆོས་རྣམས་ནི་ཤིན་ཏུ་རྒྱས་ཤིང་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་སྟོན་ཏོ། །​དེ་ནས་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་གྱི་དྲ་བ་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཀུན་ཏུ་སྟོན་པ་ཞེས་བྱ་བ་བཀྱེ་སྟེ། འོད་ཟེར་གྱི་དྲ་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བས་ཁྱབ་པར་བྱས་པར་གྱུར་ཏོ། །​སངས་རྒྱས་ཀྱི་ཞིང་གང་དག་ན་སངས་རྒྱས་བཅོམ་ལྡན་འདས་དག་སེང་གེའི་ཁྲི་བཀོད་པ་དུ་མའི་ཁང་པ་བརྩེགས་པའི་གཞལ་མེད་ཁང་ན་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་ཐབས་ཅིག་ཏུ་ཆོས་སྟོན་པའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་དེ་དག་ཐམས་ཅད་ཀྱང་སྣང་བ་དེས་ཁྱབ་པར་གྱུར་ཏོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཕལ་པོ་ཆེ་ལ་བཀའ་སྩལ་པ། སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །​ཉེས་པར་བྱས་དང་གནོད་པ་ཀུན། །​རབ་འཇོམས་སོ་སོར་འབྲང་བ་ཡི། །​གཟུངས་འདི་རབ་ཏུ་བཤད་པར་བྱ། །​འདི་ནི་ཐོས་པ་ཙམ་གྱིས་ཀྱང་། །​སྡིག་པ་ཀུན་ནི་ཟད་པར་འགྱུར། །​སེམས་ཅན་ཀུན་ལ་བདེ་བ་སྦྱིན། །​ནད་དོ་ཅོག་ལས་གྲོལ་བར་བྱེད། །​སེམས་ཅན་ཀུན་ལ་སྙིང་བརྩེ་བས། །​ལུས་ཅན་ངན་འགྲོར་འགྲོ་བ་རྣམས། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh561.html?part=UT22084-090-005-662#UT22084-090-005-662