Degé Kangyur volume 90, F.119.b

རྫོགས། ཐམས་ཅད་མཁྱེན་པ་ནི་ཤིན་ཏུ་ཡོངས་སུ་བཟུང་། བྱང་ཆུབ་ཆེན་པོའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དང་ས་ནི་བརྙེས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུ་ནི་རབ་ཏུ་འབར། ཡན་ལག་དང་ཉིང་ལག་ཐམས་ཅད་ནི་དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས། དབུའི་གཙུག་ནི་སེམས་ཅན་ཐམས་ཅད་ཀྱིས་བལྟར་མི་མཐོང་། བདུད་ཀྱི་ལས་ཐམས་ཅད་ལ་ནི་མཁས། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ནི་ཤེས། སྤྱན་རྣམ་པ་ལྔ་ནི་མངའ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ནི་ལྡན། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ནི་ལྡན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ནི་ལྡན། བདུད་དང་ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་ནི་བཅོམ། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པས་ནི་འཕགས། ཁྱུ་མཆོག་དང་། སེང་གེའི་སྒྲ་ནི་སྒྲོགས། མ་རིག་པའི་མུན་པ་ནི་ཀུན་ཏུ་བསལ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་དཔག་ཏུ་མེད་པར་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱ་དཀའ་བའི་སྤྱོད་པ་ལས་ནི་ཕྱིར་མ་ལོག །​སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཏེ། རབ་ཏུ་མཛེས་ཤིང་རྡོ་རྗེ་རིན་པོ་ཆེའི་པདྨའི་སྙིང་པོའི་སེང་གེའི་ཁྲི་ཆེན་པོ་རྡོ་རྗེ་རིན་པོ་ཆེ་དང་། མུ་ཏིག་དང་། དྲིལ་བུ་གཡེར་ཀའི་དྲ་བ་དུ་མ་སྒྲ་འབྱུང་བ། རྩ་བའི་དྲུང་ན་རྡོ་རྗེ་རིན་པོ་ཆེའི་སྟེགས་བུ་དུ་མ་ཤིན་ཏུ་བརྟན་པར་གནས་པ། རྡོ་རྗེ་རིན་པོ་ཆེའི་ཆུ་སྲིན་དུ་མའི་ཁ་ནས་བྱུང་བའི་མུ་ཏིག་དམར་པོའི་ཕྲེང་བ་བྲེས་པའི་ཕང་བཤམས་པ། རིན་པོ་ཆེ་དུ་མ་པདྨའི་སྙིང་པོ་ལ་ཆགས་པ་རིན་པོ་ཆེ་ཀེ་ཀེ་རུ་དང་། ཀེ་ཀེ་རུ་ཆེན་པོ་དང་། ཨན་ད་རྙིལ་དང་། ཨན་ད་རྙིལ་ཆེན་པོ་དང་། དུན་ལས་ཀྱི་འོད་ཟེར་ཆེན་པོ་འཚེར་བས་སྣང་བར་བྱས་ཏེ་ཀུན་ནས་མཛེས་པ། གདུགས་རྩ་བ་དང་བཅས་པ། རྡོ་རྗེ་རིན་པོ་ཆེའི་ཤར་བུ་དུ་མས་རྣམ་པར་བརྒྱན་པ། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་རྣམ་པར་བརྒྱན་པ། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཀུན་ནས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh561.html?part=UT22084-090-005-661#UT22084-090-005-661