Degé Kangyur volume 89, F.137.a

ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་པའི་ཆོས་ཟབ་མོ་དང་མཚུངས་པར་ལྡན་པའི་གཟུངས་འདི་བཤད་པའི་རྒྱུ་དེ་དང་། གཞན་ཡང་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཕུད་དེའི་མཚན་ནས་བརྗོད་དེ་བསྟན་པའི་དགེ་བའི་རྩ་བ་དེའི་རྒྱུས་མཐོ་རིས་སུ་སྐྱེས་པར་གྱུར་པས། དེང་ངའི་ཐད་དུ་འོངས་ནས་རབ་ཏུ་དགའ་བས་ཆོས་མཉན་པས་ངས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ནས་དེ་དག་གི་མིང་བསྟན་པ་ཡིན་ནོ། །​རིགས་ཀྱི་ལྷ་མོ་ཇི་ལྟར་ངས་སྔོན་སྲིད་པ་རྣམས་སུ་འཁོར་བ་ན་འཁོར་བའི་ཚེ་སེམས་ཅན་ཚད་མེད་པ་སྙེད་ལ་རྒྱ་ཆེར་ཕན་བཏགས་ནས་ཐམས་ཅད་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་བཞིན་དུ་ཁྱེད་ཅག་ཐམས་ཅད་ཀྱིས་ཀྱང་ནན་ཏན་བརྩོན་འགྲུས་ཀྱིས་ངེས་པར་འབྱུང་བ་ཡོངས་སུ་གཉེར་ནས། བག་མེད་པར་མི་བྱའོ། །​དེ་ནས་འཁོར་མང་པོ་རྣམས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་པ་དང་། ཐམས་ཅད་ཀྱིས་བྱམས་པ་དང་། སྙིང་རྗེ་ཆེན་པོས་ཐམས་ཅད་ཡོངས་སུ་སྐྱོ་བ་དང་། ནན་ཏན་བརྩོན་འགྲུས་ཀྱི་དཀའ་བ་སྤྱད་ནས། གདོད་བླ་ན་མེད་པའི་བྱང་ཆུབ་རྟོགས་ཤིང་མངོན་དུ་བྱེད་པར་འགྱུར་བར་ཁོང་དུ་ཆུད་པར་གྱུར་པས་ཤིན་ཏུ་དང་བའི་སེམས་ཀྱིས་མངོན་པར་ཡིད་ཆེས་ཤིང་རབ་ཏུ་དགའ་བར་གྱུར་ཏོ། །​གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱི་ལེའུ་སྟེ་ཉི་ཤུ་ལྔ་པའོ།​། །​།གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ། བམ་པོ་བཅུ་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་ལྷའི་བུ་སྟོང་ཕྲག་བཅུ་པོ་དེ་དག་གི་སྔོན་གྱི་རྒྱུ་དང་རྐྱེན་བཀས་བཤད་ནས། ཡང་བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་དང་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། ངས་འདས་པའི་དུས་ཀྱི་ཚེ་བྱང་ཆུབ་སེམས་དཔའི་ལམ་སྤྱོད་པ་ན་ཆུ་དང་ཟས་སྦྱིན་པ་བཏང་ནས་ཉ་དེ་དག་གི་སྲོག་ལ་ཕན་བཏགས་པ་འབའ་ཞིག་བྱས་པ་མ་ཡིན་གྱི། ཤིན་ཏུ་ཕངས་པའི་ལུས་ཀྱང་ཡོངས་སུ་བཏང་སྟེ། དེའི་རྒྱུ་དང་རྐྱེན་གང་ཡིན་པ་ལྷན་ཅིག་བལྟ་བར་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh555.html?part=UT22084-089-012-3489#UT22084-089-012-3489