Degé Kangyur volume 40, F.228.a
།སོ་སོར་ཕན་ཚུན་དགའ་བའི་གཏམ་བརྗོད་ཅིང་། །སྐད་འཐུན་བཀྲ་ཤིས་མཆོག་གིས་བསྔགས་པ་བརྗོད། །འོན་ལོང་དབང་པོ་མ་ཚང་དབང་པོ་ཐོབ། །ཐམས་ཅད་བཅོམ་ལྡན་ཁྱད་འཕགས་འབྲས་བུ་དབང་། །བཅོམ་ལྡན་གྲོང་ཁྱེར་གཤེགས་ཚེ་ཀུན་དགའ་བས། །ལྷ་མིས་མེ་ཏོག་མངོན་པར་མཆོད་པ་བྱས། །མཁའ་ལས་ཀུན་དུ་སྒྲ་སྙན་བྱུང་བས་ན། །ལྷ་ཚོགས་ཚད་མེད་རབ་ཏུ་དགའ་བར་གྱུར། །གཞན་ཡང་སེམས་ཅན་དྲན་པ་ཉམས་པ་དག །སྨྱོས་འཁྲུགས་རབ་ཞི་ཕན་ཚུན་གཏམ་སྙན་བརྗོད། །བུད་མེད་གང་སྦྲུམ་མྱ་ངན་འཇིགས་གྱུར་པ། །འོད་ཟེར་བྱིན་གྱིས་བདེ་བ་ཐོབ་པར་གྱུར། །སྐྱེས་པ་བུད་མེད་ངོ་ཚ་ཁྲེལ་བཅས་ལ། །དྲི་མ་སྤངས་པའི་ཆོས་དག་རབ་བཤད་པས། །ཐམས་ཅད་དགའ་ནས་དག་པའི་སེམས་བསྐྱེད་དེ། །ཐུབ་མཆོག་ཞབས་ལ་སྤྱི་བཏུད་ཕྱག་བྱས་ནས། །ཁ་ཅིག་བཅོམ་ལྡན་བླ་མེད་ལམ་རབ་ཚོལ། །ཁ་ཅིག་བྱང་ཆུབ་སེམས་དཔའ་ཉན་ཐོས་ཚོལ། །བཅོམ་ལྡན་གྲོང་ཁྱེར་མཆོག་ཏུ་གཤེགས་པས་ན། །བཅོམ་ལྡན་ཞལ་དུ་ལྟ་ཞིང་རང་ཉིད་དགའ། །བཅོམ་ལྡན་མཁྱེན་པས་ས་ཡི་སྤྱོད་རྟོགས་པས། །འཇིག་རྟེན་རྗེས་འཐུན་ཕན་པ་རབ་ཏུ་མཛད། །ཆོས་ཀྱི་ནོར་མཆོག་བྱང་ཆུབ་སེམས་དཔའ་བྱིན། །རིན་ཆེན་མཆོག་ནི་སེམས་ཅན་རྣམས་ལ་བཏང་། །བཅོམ་ལྡན་གྲོང་ཁྱེར་གཤེགས་པའི་ཚེ། །མཁའ་ལས་སྒྲ་ནི་འདི་སྐད་བྱུང་། །གང་ཞིག་མིག་ཟད་མཐའ་སྲེད་པ། །སངས་རྒྱས་ལ་ནི་གུས་པ་ཡིན། །བཅོམ་ལྡན་གྲོང་ཁྱེར་གཤེགས་པའི་ཚེ། །མཁའ་ལས་སྒྲ་ནི་འདི་སྐད་བྱུང་། །གང་ཞིག་མིག་སྐྱེ་མཐའ་སྲེད་པ། །སངས་རྒྱས་ལ་ནི་གུས་པ་ཡིན། །གང་ཞིག་མིག་ཟད་མཐའ་སྲེད་པ། །སངས་རྒྱས་ཡིད་ཆེས་མི་འཇིགས་འཐོབ། །མིག་ཟད་མཐར་ནི་ལྟ་བས་ན། །ཤིན་ཏུ་དང་བ་རྒྱུན་མི་འཆད། །གང་ཞིག་མིག་ཟད་མཐའ་སྲེད་པ། །ཆོས་ལ་ཡིད་ཆེས་མི་འཇིགས་འཐོབ། །མིག་ཟད་མཐར་ནི་ལྟ་བས་ན། །ཤིན་ཏུ་དང་བ་རྒྱུན་མི་འཆད། །གང་ཞིག་མིག་ཟད་མཐའ་སྲེད་པ། །དགེ་འདུན་ཡིད་ཆེས་མི་འཇིགས་འཐོབ། །མིག་ཟད་མཐར་ནི་ལྟ་བས་ན། །ཤིན་ཏུ་དང་བ་རྒྱུན་མི་འཆད། །གང་ཞིག་མིག་ཟད་མཐའ་སྲེད་པ། །ཚུལ་ཁྲིམས་འཛིན་མེད་ཐོབ་པར་འགྱུར། །མིག་ཟད་མཐར་ནི་ལྟ་བས་ན། །ཤིན་ཏུ་དང་བ་རྒྱུན་མི་འཆད། །གང་ཞིག་མིག་ཟད་མཐའ་སྲེད་པ། །
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh55.html?part=UT22084-040-006-1770#UT22084-040-006-1770