Degé Kangyur volume 40, F.228.b

ངན་འགྲོའི་འདོད་ཆགས་སྤོང་བར་འགྱུར། །​མིག་ཟད་མཐར་ནི་ལྟ་བས་ན། །​འདོད་ཆགས་རྒྱུན་ནི་སྤོང་བར་བྱེད། །​གང་ཞིག་མིག་ཟད་མཐའ་སྲེད་པ། །​ངན་འགྲོའི་ཞེ་སྡང་སྤོང་བར་འགྱུར། །​མིག་ཟད་མཐར་ནི་ལྟ་བས་ན། །​ཞེ་སྡང་རྒྱུན་ནི་སྤོང་བར་བྱེད། །​གང་ཞིག་མིག་ཟད་མཐའ་སྲེད་པ། །​ངན་འགྲོའི་གཏི་མུག་སྤོང་བར་འགྱུར། །མིག་ཟད་མཐར་ནི་ལྟ་བས་ན། །​གཏི་མུག་རྒྱུན་ནི་སྤོང་བར་བྱེད། །​གང་ཞིག་མིག་ཟད་མཐའ་སྲེད་པ། །​བྱང་ཆུབ་ཡེ་ཤེས་དག་ལ་གནས། །​མིག་ཟད་མཐར་ནི་ལྟ་བས་ན། །​བྱང་ཆུབ་ཡེ་ཤེས་རྒྱུན་མི་འཆད། །​མིག་སྐྱེ་མཐའ་དང་མིག་གི་མཐའ། །​འཇུག་པ་དང་ནི་རབ་དབེན་དང་། །​ཡོད་པ་ཉིད་དུ་མི་འགྱུར་དང་། །མི་སྐྱེ་རབ་ཏུ་ཞི་བ་དང་། །​འདི་ལ་སོགས་པའི་སྒོ་རྣམས་ཀྱང་། །​ཐམས་ཅད་མིག་ཟད་འདྲ་བར་བསྟན། །​གང་ཞིག་མིག་ཟད་མཐར་སྲེད་པ། །​དེ་ནི་རྟག་ཏུ་ཐེ་ཚོམ་མེད། །​དེ་ལྟར་ཐེ་ཚོམ་མེད་པའི་ཕྱིར། །​སངས་རྒྱས་རྫུ་འཕྲུལ་ཐོབ་པར་འགྱུར། །​གང་ཞིག་མིག་སྐྱེ་མཐའ་སྲེད་པ། །​དེ་ནི་རྟག་ཏུ་ཐེ་ཚོམ་མེད། །​དེ་ལྟར་ཐེ་ཚོམ་མེད་པའི་ཕྱིར། །​སངས་རྒྱས་རྫུ་འཕྲུལ་འཐོབ་པར་འགྱུར། །​གང་ཞིག་མིག་གི་མཐའ་སྲིད་པ། །​དེ་ནི་རྟག་ཏུ་ཐེ་ཚོམ་མེད། །​དེ་ལྟར་ཐེ་ཚོམ་མེད་པའི་ཕྱིར། །​སངས་རྒྱས་རྫུ་འཕྲུལ་འཐོབ་པར་འགྱུར། །​གང་ཞིག་མིག་གི་འཇུག་སྲེད་པ། །​དེ་ནི་རྟག་ཏུ་ཐེ་ཚོམ་མེད། །​དེ་ལྟར་ཐེ་ཚོམ་མེད་པའི་ཕྱིར། །སངས་རྒྱས་རྫུ་འཕྲུལ་འཐོབ་པར་འགྱུར། །​གང་ཞིག་མི་དབེན་རབ་སྲེད་པ། །​དེ་ནི་རྟག་ཏུ་ཐེ་ཚོམ་མེད། །​དེ་ལྟར་ཐེ་ཚོམ་མེད་པའི་ཕྱིར། །​སངས་རྒྱས་རྫུ་འཕྲུལ་འཐོབ་པར་འགྱུར། །​གང་ཞིག་མིག་མི་སྐྱེ་སྲེད་པ། །​དེ་ནི་རྟག་ཏུ་ཐེ་ཚོམ་མེད། །​དེ་ལྟར་ཐེ་ཚོམ་མེད་པའི་ཕྱིར། །​སངས་རྒྱས་རྫུ་འཕྲུལ་འཐོབ་པར་འགྱུར། །གང་ཞིག་མིག་མེད་ལ་སྲེད་པ། །​དེ་ནི་རྟག་ཏུ་ཐེ་ཚོམ་མེད། །​དེ་ལྟར་ཐེ་ཚོམ་མེད་པའི་ཕྱིར། །​སངས་རྒྱས་རྫུ་འཕྲུལ་འཐོབ་པར་འགྱུར། །​གང་ཞིག་མིག་ཞི་ལ་སྲེད་པ། །​དེ་ནི་རྟག་ཏུ་ཐེ་ཚོམ་མེད། །​དེ་ལྟར་ཐེ་ཚོམ་མེད་པའི་ཕྱིར། །​སངས་རྒྱས་རྫུ་འཕྲུལ་འཐོབ་པར་འགྱུར། །​རྣ་བ་སྣ་ལྕེ་ལུས་དང་ཡིད། །​གཟུགས་སྒྲ་དྲི་རོ་རེག་བྱ་ནས། །​སྒྲ་དང་མིང་གི་བར་དུ་ཡང་། །​ཐམས་ཅད་དེ་བཞིན་སྦྱར་བར་བྱ། །​མིག་སྐྱེ་དཔག་མེད་གང་སྐྱེད་པ། །​ཡེ་ཤེས་དཔག་མེད་སྐྱེད་པར་བྱེད། །​ཡེ་ཤེས་དཔག་ཏུ་མེད་པའི་ཕྱིར། །​ཆོས་འདི་བསྟན་པའང་དེ་བཞིན་ནོ། །​མིག་ཟད་དཔག་མེད་གང་ཤེས་པ། །​མིག་ལ་སྒྲིབ་པ་མེད་པར་འགྱུར། །​དེ་ལྟར་སྒྲིབ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55.html?part=UT22084-040-006-1771#UT22084-040-006-1771