Degé Kangyur volume 40, F.227.b
།བཅོམ་ལྡན་བརྩོན་འགྲུས་དག་ལ་རབ་མོས་པས། །བརྩོན་འགྲུས་སྟོབས་ཀྱིས་བྱང་ཆུབ་བརྙེས་པར་གྱུར། །བཅོམ་ལྡན་འདས་ནི་གྲོང་ཁྱེར་ཞུགས་པའི་ཚེ། །མཁའ་ལས་སྒྲ་ནི་འདི་སྐད་གྲགས་པར་གྱུར། །བཅོམ་ལྡན་བསམ་གཏན་དག་ལ་རབ་མོས་པས། །བསམ་གཏན་སྟོབས་ཀྱིས་བྱང་ཆུབ་བརྙེས་པར་གྱུར། །བཅོམ་ལྡན་འདས་ནི་གྲོང་ཁྱེར་ཞུགས་པའི་ཚེ། །མཁའ་ལས་སྒྲ་ནི་འདི་སྐད་གྲགས་པར་གྱུར། །བཅོམ་ལྡན་ཤེས་རབ་དག་ལ་རབ་མོས་པས། །ཤེས་རབ་སྟོབས་ཀྱིས་བྱང་ཆུབ་བརྙེས་པར་གྱུར། །རྫུ་འཕྲུལ་མངོན་ཤེས་ཡོན་ཏན་གནས་ཤེས་སྟོབས། །ཐབས་དང་གཟུངས་ཀྱི་སྟོབས་དང་གྲགས་པའི་སྟོབས། །ལས་དང་རྟེན་འབྱུང་ཡན་ལག་དད་དང་ཐོས། །སྟོང་དང་འཐུན་པའི་སྟོབས་དང་རབ་ཞི་སྟོབས། །རབ་དུལ་ཡང་དག་མཐའ་དང་དབེན་མཁས་སྟོབས། །འཇིགས་དང་དགའ་དང་ཕན་འདོགས་ལ་མོས་དང་། །བྱམས་དང་སྙིང་རྗེ་དགའ་སྙོམས་བཟོད་འཚེ་མེད། །སྟོང་དང་མཚན་མ་མེད་སོགས་ཀྱང་དེ་བཞིན། །སྟོབས་བཅུ་འཕགས་པའི་མངའ་བདག་ལྷ་ཡི་གཙོ། །ཡོན་ཏན་གྲགས་པ་དཔེ་ཟླ་མ་མཆིས་པ། །གྲོང་ཁྱེར་མཆོག་གཤེགས་ཞབས་ནི་བཞག་པའི་ཚེ། །སེམས་ཅན་རྣམས་ལ་རྒྱ་ཆེར་ཕན་པ་མཛད། །སྔོན་ཆད་སྲིད་གསུམ་ལས་དགེ་རབ་བསྒྲུབས་པས། །ལྷ་ཡི་དགེ་བ་སྣ་ཚོགས་འཕེལ་བར་མཛད། །འཇིག་རྟེན་ཐམས་ཅད་ཀྱིས་ནི་རབ་ཏུ་བཀུར། །ང་ཡི་བསྟན་པ་འདི་ཐོས་ཐམས་ཅད་དགའ། །བཅོམ་ལྡན་གྲོང་ཁྱེར་གཤེགས་ནས་ཞབས་བཞག་ཚེ། །གྲོང་ཁྱེར་ས་ཆེན་དག་ནི་རབ་ཏུ་གཡོས། །བཅོམ་ལྡན་རྣམ་དག་འོད་ཟེར་མཐོང་བས་ན། །ངོ་མཚར་མི་འཛིན་མི་དགའ་གང་ཡང་མེད། །བཅོམ་ལྡན་གྲོང་གཤེགས་ཕན་པ་ཆེར་མཛད་པས། །ལྷ་མིའི་འཁོར་རྣམས་སེམས་ནི་དགའ་བར་གྱུར། །ས་དང་མཁའ་འགྲོ་དག་གིས་སྲིད་གསུམ་ན། །བཅོམ་ལྡན་ཤིན་ཏུ་བདེ་ཞེས་བསྔགས་པར་གྱུར། །བཅོམ་ལྡན་ཞབས་ཀྱི་འཁོར་ལོ་ས་བཞག་ཚེ། །རྣམ་དག་འོད་ཟེར་ཀུན་གསལ་ངོ་མཚར་གྱུར། །རྟ་ནི་ཅང་ཤེས་གྲོང་ཁྱེར་སྒྲ་སྙན་ཕྱུང་། །བྱ་ཚོགས་དག་ཀྱང་མཁའ་ལས་རབ་ཏུ་དགའ། །གཞན་ཡང་རབ་དང་བུད་མེད་མང་པོ་ཡི། །ལག་དང་རྐང་དང་གདུབ་འཁོར་ཕྲེང་བ་དང་། །དེ་བཞིན་རིན་ཆེན་རྒྱན་ནི་སྣ་ཚོགས་ལས། །མ་དཀྲོལ་བ་ཡང་རང་ལས་སྒྲ་སྙན་བྱུང་། །སོ་སོར་ཕན་ཚུན་དགའ་བའི་གཏམ་བརྗོད་ཅིང་།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh55.html?part=UT22084-040-006-1769#UT22084-040-006-1769