།སྔགས་ཀུན་རབ་ཏུ་འཇུག་པ་ཡང་། །ཁྲོ་བོ་ལས་ནི་ཡང་དག་འབྱུང་། །སྔགས་འདི་ཁྲོ་བོ་ཆེན་པོ་ནི། །གཤིན་རྗེ་གཤེད་ཅེས་བྱ་མིང་གིས། །བདག་ཉིད་ཆེན་པོ་གཤིན་རྗེ་ཡང་། །མྱུར་དུ་བཀུག་ནས་འཇོམས་པར་བྱེད། །ཉི་མའི་བུ་ནི་གཤིན་རྗེ་དང་། །བརྒྱ་བྱིན་བདག་ཉིད་ཆེན་པོ་ཡང་། །བཀུག་ནས་དབང་མེད་མི་བཟད་པ། །གདུལ་དཀའ་འདུལ་བྱེད་མངའ་བདག་ཡིན། །སྔགས་འདི་སྔགས་ནི་ཆེན་པོ་སྟེ། །འཇམ་པའི་དབྱངས་ཀྱིས་བཤད་པ་ཡིན། །མ་རུངས་ལས་རྣམས་ཐམས་ཅད་བྱེད། །སྔགས་ཀུན་རབ་ཏུ་སྒྲུབ་པར་བྱེད། །དེ་སྐད་སྨྲས་ནས་དཔལ་ལྡན་ནི། །ལག་ན་རྡོ་རྗེ་རྫུ་འཕྲུལ་ཆེས། །ཤཱཀྱ་སེང་གེ་མི་ཡི་མཆོག །དཔའ་ཆེན་སངས་རྒྱས་ལ་བཏུད་ནས། །སྔགས་འཁོར་རྟེན་པའི་རྡོ་རྗེ་ཅན། །རྫུ་འཕྲུལ་ཅན་གྱིས་སྔགས་རྣམས་གསུངས། །འབྱུང་པོ་ཀུན་ཚོགས་དགེ་བ་ནི། །སེམས་ཅན་ཀུན་གྱིས་མཉན་པ་ཡིན། །སྔགས་རྣམས་ཀུན་ཚོགས་ལྟ་བྱེད་པ། །སྔགས་ཀྱི་མཆོག་ནི་བདག་གིས་བཤད། །བློ་དང་ལྡན་པ་འཇམ་པའི་དབྱངས། །བྱང་ཆུབ་སེམས་དཔས་བཤད་པ་ཡིན། །མི་བཟད་གདུལ་དཀའ་འདུལ་བྱེད་པ། །མ་རུངས་ཐམས་ཅད་ཟློག་པར་བྱེད། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། གནོད་སྦྱིན་མོ་སྒྲུབ་པའི་ཆོ་ག་རབ་འབྱམ་ལས་ལེའུ་སུམ་ཅུ་རྩ་ལྔ་པ་རྫོགས་སོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སྡུག་བསྔལ་སྤང་ཞིང་བདེ་བྱ་བ། །སྡུག་བསྔལ་སྤང་ཞེས་བསྟན་པ་ནི། །མདོར་བསྡུས་ན་ནི་བཟློག་པ་ཡིན། །དེ་ཉིད་ཐེག་པ་རྣམ་གསུམ་དུ། །ང་ཡི་འདི་ནི་བསྟན་པ་ཡིན། །མི་རྟག་སྡུག་བསྔལ་བདག་མེད་དང་། །འདུས་བྱས་ཐམས་ཅད་སྐད་ཅིག་ཉིད། །གསོབ་དང་རྟག་ཏུ་ཀུན་སྟོང་པར། །འཁོར་བའི་འཆིང་བ་ངེས་པར་བསྟན། །དེ་ལས་ཆགས་བྲལ་རྣམ་གསུམ་འགྲོ། །སེམས་ཅན་དགེ་ལ་བརྟེན་པ་ཡིན། །བྱང་ཆུབ་སེམས་དང་སངས་རྒྱས་དང་། །རང་རྒྱལ་བྱང་ཆུབ་ལ་བརྟེན་དང་། །འདོད་ཆགས་བྲལ་བ་རྫུ་འཕྲུལ་ཆེ། །