Degé Kangyur volume 88, F.72.b

ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །​ལྷའི་ཙནྡན་གྱི་ཕྱེ་མའི་ཆར་ཡང་བབ་བོ། །​ལྷའི་མེ་ཏོག་གི་ཆར་ཡང་བབ་བོ། །​ལྷའི་འོད་ཀྱི་སྣང་བ་ཡང་བྱུང་ངོ་། །​སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་གང་སུ་དག་ངན་སོང་དུ་སྐྱེས་པ་དེ་དག་ཐམས་ཅད་ཀྱང་ངན་སོང་རྣམས་ལས་ཡོངས་སུ་གྲོལ་བར་གྱུར་ཏོ། །ལྷའི་དབང་པོ་དང་། ཀླུའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། སྲིན་པོའི་དབང་པོ་དང་། མིའི་དབང་པོ་དེ་དག་ཐམས་ཅད་ཀྱི་གནས་རྣམས་ཀྱང་སྣང་བར་གྱུར་ཏོ། །​ལྷའི་སིལ་སྙན་གྱི་སྒྲ་དག་ཀྱང་གྲག་གོ། །​ལྷའི་འོད་དག་ཀྱང་སྣང་བར་གྱུར་ཏོ། །​ལྷའི་སྤོས་ཀྱི་ངད་ཀྱང་ལྡང་བར་གྱུར་ཏོ། །​དེ་ནས་དེ་དག་ཐམས་ཅད་ཀྱང་ཆོ་འཕྲུལ་ཆེན་པོ་དེ་མཐོང་ནས་ཡ་མཚན་དུ་གྱུར་ཏེ་འདི་སྙམ་དུ་སེམས་སོ། །​གནས་འདི་དག་སྣང་བར་གྱུར་པ་འདི་དང་། ཆོ་འཕྲུལ་ཆེན་པོ་སྣང་བར་གྱུར་པ་འདི་དང་། ས་ཆེན་པོ་གཡོས་པ་འདི་དང་། མེ་ཏོག་གི་ཆར་ཆེན་པོ་བབ་པ་འདི་སུའི་མཐུ་ཡིན། སུའི་བྱིན་གྱིས་བརླབས་ཡིན་ཞིག་གུ་སྙམ་ནས། དེ་དག་ཐང་ཅིག་ཅང་མི་ཟེར་སེམས་ནས་གཅིག་ལ་གཅིག་འདི་སྐད་དུ་འདི་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་ནོ། །​འདི་ནི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཡིན་ནོ་ཞེས་སྨྲས་སོ། །​དེ་ནས་རྒྱལ་པོ་ཆེན་པོ་བཞི་འདི་སྙམ་དུ་སེམས་ཏེ། བདག་ཅག་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་འདོང་གོར་མ་ཆག་སྙམ་མོ། །​དེ་ནས་ལྷའི་དབང་པོ་དང་། ཀླུའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། སྲིན་པོའི་དབང་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་དེ་དག་ཐམས་ཅད་ཀྱིས་ལྷའི་མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། དྲི་མཆོག་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་ཁྱེར་ནས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ་མངོན་པར་མཆོད་དེ་ཕྱག་བྱས་སོ། །​མེ་ཏོག་གི་ཆར་ཆེན་པོ་དེས་ཀྱང་ས་ཆེན་པོ་འདི་པུས་མོ་ནུབ་ཙམ་དུ་ཁྱབ་པར་འདུག་གོ། །​དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh527.html?part=UT22084-051-002-236#UT22084-051-002-236