Degé Kangyur volume 88, F.84.b

མི་དེས་སེམས་ཀྱིས་ཀྱང་ཁྱིམ་ཚོལ་མི་ནུས། ལམ་ཡང་མི་ཚོལ། ཕ་མ་དང་། ཆུང་མ་དང་། བུ་དང་། བུ་མོའི་འདུ་ཤེས་ཀྱང་མེད། སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡང་མི་དྲན་ཏེ། དེ་ཆང་གིས་མྱོས་པའི་མཐུས་དུར་ཁྲོད་ན་འདུག་ན་ཡང་འཇིགས་པ་མེད་ལ། འདི་སྙམ་དུ་སེམས་ཏེ། ལྷའམ། ཀླུའམ། གནོད་སྦྱིན་ང་སྐྲག་པར་བྱེད་ནུས་པ་སུ་ཞིག་ཡོད་སྙམ་མོ། །​དེ་བོང་བ་དང་། ཤིང་དང་། རྩྭ་དང་། ཚེར་མའི་ལམ་གཞན་དག་ལ་བདེ་བའི་འདུ་ཤེས་སྐྱེད་པ་ལས། ལུས་སོར་ཆུད་ཅིང་ར་རོ་བ་དེ་སངས་ནས་གང་གི་ཚེ་དྲན་པ་རྙེད་པར་གྱུར་པ་དེའི་ཚེ་འགྱོད་པར་བྱེད་དེ། བདག་ནི་སྲོག་ལ་ཐུག་ཀྱང་བླ། བདག་གིས་ཆང་འདི་བཏུང་བར་མི་བྱའོ་སྙམ་མོ། །​དེ་བཞིན་དུ་སེམས་ཅན་འདོད་ཆགས་ཀྱིས་རྒྱགས་པས་མྱོས་ཤིང་། ཁྱིམ་ན་གནས་པས་རྣམ་པར་འཁྲུལ་པ་ནོར་གྱིས་སེམས་མྱོས་པ་རྣམས་ཀྱིས་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡང་ཡོངས་སུ་ཚོལ་བར་མི་བྱེད། སྦྱིན་པ་ཡང་མི་དྲན། མཐོ་རིས་སུ་སྐྱེ་བ་དང་། རྒྱལ་པོར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་ཡང་ཡོངས་སུ་ཚོལ་བར་མི་བྱེད་དེ། འཁོར་བ་དེ་ཉིད་ན་འཁོར་ཞིང་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་རྣམས་སུ་སྐྱེས་པའི་སྡུག་བསྔལ་མྱོང་བར་འགྱུར་ལ། འདི་སྙམ་དུ་འཛིན་ཏེ། བདག་གི་ལུས་ནི་བདེ་སྟེ། སྡུག་བསྔལ་བ་མེད་དོ་སྙམ་མོ། །​གང་གི་ཚེ་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་ཐར་ཏེ། བརྒྱ་ལ་བརྒྱ་ལམ་ན་མིའི་ལུས་ཐོབ་པར་གྱུར་པ་དེའི་ཚེ་མངལ་ན་གནས་པས་ལུས་ཡོངས་སུ་གཟིར་ཅིང་མུན་ནག་གིས་སྐྱོ་བར་གྱུར་པའི་ལུས་ལ་བད་ཀན་དང་། མཁྲིས་པ་དང་། ལྗན་ལྗིན་དང་། ཁྲག་དང་། ཕྱི་སས་བངས་པས་སྐྱོ་བར་གྱུར་ནས། འདི་སྙམ་དུ་སེམས་ཏེ། བདག་ཅག་ལོ་བརྒྱའམ། བསྐལ་པའམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་འབུམ་གྱི་བར་དུ་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་གྱི་ཚོར་བ་མི་བཟད་ཅིང་ཡིད་དུ་མི་འོང་བ་མྱོང་ལ། གང་དུ་ཡང་བདག་ཅག་གིས་སྐྱབས་མེད་པ་འདི་ལས་གང་དག་གི་འབྲས་བུ་རྣམ་པར་སྨིན་པ་ཡིན་ཞིག་གུ། བདག་ཅག་གིས་ཀྱང་སྔོན་སྡིག་པ་མང་དུ་བྱས་སོ་སྙམ་སྟེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh527.html?part=UT22084-051-002-286#UT22084-051-002-286