Degé Kangyur volume 87, F.253.b

དྲུག་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཤེས་རབ་ཆུང་ལ་དྲན་པ་རྨོངས་ཏེ། དགེ་བའི་ཆོས་རྣམས་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་རྗེས་སུ་དྲན་པ་ལས་ཡོངས་སུ་ཉམས་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཏིང་ངེ་འཛིན་དང་། དྲན་པ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། གཟུངས་ཀྱི་སྒོ་རྣམས་མངོན་དུ་གྱུར་ཅིག །​ཤེས་རབ་ཆེན་པོ་རྗེས་སུ་རྒྱུ་བར་གྱུར་ཅིག་ཅེས་བཏབ་བོ། །​དེའི་སྨོན་ལམ་ཆེན་པོ་བདུན་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་འདོད་པ་བསྐྱེད་དེ། དེ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །​ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་ཅིག །​བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག་ཅེས་བཏབ་བོ། །​དེའི་སྨོན་ལམ་ཆེན་པོ་བརྒྱད་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་བསྐལ་པ་ཆེན་པོ་ཟད་པའི་ཚེ་འཛམ་བུའི་གླིང་ཀུན་ཏུ་འབར་ཞིང་རབ་ཏུ་འབར་བར་འཁྲུགས་པར་འགྱུར་ཏེ་ངུ་ཞིང་མྱ་ངན་བྱེད་ལ་སྔོན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh503.html?part=UT22084-087-008-521#UT22084-087-008-521