Degé Kangyur volume 103, F.112.a

ཏེ་ས་བྱ་ནས་ཆུ་གླང་བར་བགྲང་བྱ་ལྔའི་ངོ་མཐོང་བར་བརྩོན་པ་ཆེན་པོས་བསྒྲུབས་པ་ཡིན་ནོ། །​དེ་ལ་དེ་དེ་དག་གི་ཚེ་ན་དུས་ནར་མར་སྦྱར་དགོས་པའི་བཟའ་བཏུང་དང་། བར་བར་དུ་སྟོན་མོ་དང་། དགའ་སྤྲོའི་གསོལ་རས་སོགས་བཟང་ཞིང་རྒྱ་ཆེ་བ་མི་བགྲང་བར་ལས་ཚན་སོ་སོའི་ཡོན་དང་པར་ཤིང་སོགས་ཀྱི་རིན་ཐང་རགས་པ་ཞིག་བསྡོམས་པར་གླེགས་བམ་བརྒྱ་ཕྲག་གཅིག་དང་རྙིང་རྒྱུད་དུམ་གསུམ་བཅས་ལ་བཟང་ཇ་སྤོབ་རྩེ་སྟོང་ཕྲག་བདུན་དང་དྲུག་བརྒྱ་ཉེར་གཉིས་སོང་བས་མཚོན། །​ནམ་ཡང་ཞུམ་པ་མེད་པའི་གཏོང་བ་ཆེན་པོའི་ཕྱག་ལེགས་པར་བརྐྱངས་པས་ཐམས་ཅད་དགའ་བ་དང་མགུ་བ་དང་རངས་པའི་མཆོག་ཏུ་གྱུར་ཏོ། །​དེ་ལྟར་པར་དུ་བསྒྲུབས་ཟིན་ནས་ཀྱང་ཞུས་དག་ལན་མང་དུ་བགྱིས་ཏེ་ཡིད་རྟོན་རུང་བར་གྱུར་པ་དེ་མ་ཐག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྒྱལ་ཚབ་ཏུ་སེང་གེའི་ཁྲི་ཆེན་པོར་མངའ་གསོལ་བ་མཁན་ཆེན་མངྒ་ལའི་མཚན་ཅན་གྱིས་རྡོ་རྗེའི་སློབ་དཔོན་གྱི་བྱ་བ་མཛད་དེ་ལྷ་སྔགས་ཏིང་ངེ་འཛིན་གྱི་རྣལ་འབྱོར་ལ་གོམས་པ་བརྟས་པའི་རིག་པ་འཛིན་པ་མང་པོ་དང་ཐབས་ཅིག་ཏུ་དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་ནས་ཡེ་ཤེས་པ་མངོན་སུམ་དུ་གཞུག་པར་མཛད་པ་སོགས་རབ་ཏུ་གནས་པའི་ཆོ་ག་སྦྱོར་དངོས་མཇུག་གི་རིམ་པ་ཚང་ཞིང་མ་འཁྲུགས་པ་ལན་དུ་མར་བསྐྱར་ནས་འགྲོ་བ་ལྷ་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པའི་གནས་ཟླ་མེད་པ། འདོད་པ་ལེགས་དགུ་ཅོག་ཐམས་ཅད་འབྱོར་པར་བྱེད་པའི་རིན་པོ་ཆེ་ཆེན་པོ་སྐྱེ་འགྲོའི་བདེ་སྐྱིད་དང་། སངས་རྒྱས་ཀྱི་བསྟན་པའི་རྩ་ལག་ཆེན་པོར་གྱུར་པ་འདི་གྲུབ་པ་ཡིན་ནོ། །​འདིར་སྨྲས་པ། མི་བདག་ས་ཡི་ཚངས་པ་ཆེས། །​ཆོས་དོན་འདོད་ཐར་གདོང་བཞི་ལས། །​ལེགས་སྤྱད་རིག་བྱེད་འདི་ཕྱུང་བས། །​ནོར་འཛིན་དཔལ་མོ་ཀུན་དགར་གྱུར། །​གང་གི་གྲགས་པ་གངྒཱའི་རྒྱུན། །​ལམ་གསུམ་ཉིད་དུ་འོངས་པ་ན། །​སྲིད་པ་དགུ་ཅན་ལས་སྐྱེས་པའི། །​ཉེས་པ་དེ་དག་རིང་དུ་སོང་། །​ལེགས་བྱས་རྒྱ་ཆེན་འདི་བསྟེན་པའི། །​ཀུན་བཟོད་དཀྱིལ་འཁོར་ཕྲག་པ་ལ། །​མངོན་པར་བཀོད་པའི་ལྷག་མ་ཅན། །​ལྟོས་འགྲོའི་སྙེམས་པ་འདིར་ལྟོས་ཤིག །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh4568-3.html?part=UT22084-103-004-696#UT22084-103-004-696