Degé Kangyur volume 103, F.108.a

པའི་སྐབས་སུ་གསང་སྔགས་ནང་གི་རྒྱུད་སྡེ་ཟབ་མོ་རྣམས་གསང་ནས་སྤྱོད་པ་ཉིད་ཡིན་པའི་ཕྱིར་ཡོངས་གྲགས་སུ་ཐེམ་བྱང་དུ་མ་བཏབ་བོ། །​བསྟན་པ་ཕྱི་དར་གྱི་ཚེ་སྔར་གྱི་རྣམས་ཕལ་ཆེར་ཡོད་པའི་སྟེང་དུ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་མདོ་རྒྱུད་མང་དུ་བསྒྱུར་ཅིང་བསྣན་པར་མཛད་པ་ཡིན་མོད་ཀྱི་རེ་ཞིག་ཕྱོགས་གཅིག་ཏུ་བསྡུས་ནས་དཀར་ཆག་འདེབས་པ་པོ་མ་བྱུང་ལ། །​ཕྱིས་མཁས་པ་བཅོམ་རལ་པའི་སློབ་མ་འཇམ་དགག་པཀྵིས་ཧོར་ཡུལ་ནས་བཀའ་འགྱུར་བཞེངས་པའི་མཐུན་རྐྱེན་གྱི་ཡོ་བྱད་མང་པོ་བསྐུར་བ་ལ་བརྟེན་ནས་འདུལ་བ་ལུང་གི་མ་ཕྱི་མཆིམས་ཆེན་པོ་ནམ་མཁའ་གྲགས་ཀྱིས་དགེ་བའི་བཤེས་གཉེན་རྒྱ་འདུལ་བ་འཛིན་པ་ཞལ་བཞུགས་པའི་དུས་ན། དགེ་བའི་བཤེས་གཉེན་ཆེན་པོ་འདུལ་བ་འཛིན་པ་ཞིང་མོ་ཆེ་པ་བྱང་ཆུབ་སེང་གེས་གཉེར་མཛད་ནས། ལུང་ཕྲན་ཚེགས་ཀྱི་བམ་པོ་བཅུ་གཉིས་མ་ཚང་བ་དང་། གཞུང་བླ་མའི་ཞུ་བ་མ་རྫོགས་པ་བམ་པོ་བཅུ་གཉིས་དང་། སྡོམ་ཚིག་ཡིག་ཚར་གཉིས་མ་ཚང་བ་རྣམས་བསམ་ཡས་མཆིམས་ཕུ་ལ་སོགས་པ་དབུས་གཙང་གི་གཙུག་ལག་ཁང་རྣམས་ནས་བཙལ་ཏེ། ལ་སྟོད་འོལ་རྒོད་ཀྱི་གཙུག་ལག་ཁང་དུ་གནས་བརྟན་དྷརྨ་སེང་གེས་ལུང་སྡེ་བཞི་ཚང་བར་བཞེངས་པ་སྣར་ཐང་གི་གཙུག་ལག་ཁང་དུ་གདན་དྲངས་ཏེ་དེ་ལ་དཔེ་ཕྱི་མཛད་ནས་བཞེངས་པ་དང་། གཞན་ཡང་ཆུ་མིག་རིང་མོའི་གཙུག་ལག་ཁང་དང་། རུང་ཀླུང་ཤོད་གྲོག་གི་གཙུག་ལག་ཁང་གི་འདུལ་བ་ལུང་ལ་སོགས་པ་རྣམས་ལ་གཏུགས་པ་ཡིན་ཞིང་། མདོ་མང་གི་སྐོར་རྣམས་ཀྱི་མ་ཕྱི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཐུགས་དམ་རྟེན་ལྷ་མིའི་རྒྱན་མཆོག་ཏུ་གྲགས་པ་དང་། གཙང་ཆུ་མིག་རིང་མོའི་གཙུག་ལག་ཁང་གི་མདོ་མང་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དགེ་བའི་བཤེས་གཉེན་འདར་ཕྱར་གྱིས་བཞེངས་པའི་མདོ་མང་འདར་ཕྱིར་མ་ཞེས་གྲགས་པ་དང་། འབྲང་མཚམས་ཕུག་ཆུང་མ་ཞེས་གྲགས་པ་དང་། དགའ་འབར་མ་ཞེས་གྲགས་པ་དང་། དཔལ་སྣར་ཐང་གི་གཙུག་ལག་ཁང་གི་མདོ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh4568-3.html?part=UT22084-103-004-688#UT22084-103-004-688